ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངགས་ཕོ་ཉ་དང་སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་སི་རི་ཡཱའི་ཆབ་སྲིད་འཕེལ་རིམ་ཐད་ནས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངགས་ཕོ་ཉ་ཅི་པིས་ཏི་སིན་གྱིས་ཚེས་བཅུ་བདུན་ཉིན་སི་རི་ཡཱ་རུ་འཚམས་འདྲི་བྱས་ཏེ། སི་རི་ཡཱའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་མུའུ་ཨ་ལེ་མུའུ་དང་མཉམ་དུ་སི་རི་ཡཱའི་གནད་དོན་གྱི་ཆབ་སྲིད་ཐག་གཅོད་འཕེལ་རིམ་ཐད་ནས་གྲོས་མོལ་བྱས། 

པུས་ཏི་སིན་ཏཱ་མཱ་ཧྲི་ཀི་རུ་འབྱོར་རྗེས་གསར་འགོད་པར་བཤད་རྒྱུར། ཁོས་སི་རི་ཡཱའི་སྲིད་གཞུང་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་ལྔ་བཞི་དངོས་འབེབ་བྱེད་པར་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། དེ་ལ་བརྟེན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐུལ་འདེད་གཏོང་བའི་སི་རི་ཡཱའི་མིའི་ལ་དབང་བ་དང་སི་རི་ཡཱའི་མིས་གཙོ་ཁྲིད་བྱེད་པའི་སི་རི་ཡཱའི་གནད་དོན་གྱི་ཆབ་སྲིད་ཐག་གཅོད་འཕེལ་རིམ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། པུས་ཏི་སིན་གྱིས་ཉིན་དེར་མུའུ་ཨ་ལེ་མུའུ་དང་མཉམ་དུ་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་སོགས་གནད་དོན་ཐད་ནས་གྲོས་མོལ་བྱས། མུའུ་ཨ་ལེ་མུའུ་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། སི་རི་ཡཱའི་མི་དམངས་ཀྱིས་ད་གཟོད་རྒྱལ་ཁབ་ཀྱི་མ་འོངས་པ་ཐག་གཅོད་བྱེད་ཐུབ། སི་རི་ཡཱའི་རྩ་ཁྲིམས་དང་དེར་འབྲེལ་གྱི་ལས་དོན་ནི་བདག་དབང་ལས་དོན་ཡིན་པས། རྒྱལ་ཁབ་རང་གི་མི་དམངས་ལ་ཕྱི་ཕྱོགས་ཀྱི་ཐེ་གཏོགས་མི་ཐེབས་པའི་གནས་ཚུལ་འོག་ཐག་གཅོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།