ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གིས་འགུལ་སྐྱོད་ནན་མོ་སྤེལ་ནས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

    སྤེལ་དུས། : 2019-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གིས་ཚེས་བཅུ་གསུམ་ཉིན་སྤེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གི་ཚོགས་ཆེན་སྟེང་སྙན་ཞུ་སྤེལ་ཏེ། གལ་ཏེ་མིའི་རིགས་ཀྱིས་འགུལ་སྐྱོད་སྤེལ་ནས་ཁོར་ཡུག་སྲུང་སྐྱོབ་མ་བྱས་ན། མིའི་རིགས་ཀྱི་བདེ་ཐང་ལ་ཉིན་རེའི་ཚབས་ཆེ་བའི་འཇིགས་ཉེན་ཐོབ་སྲིད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གིས་བསྟན་དོན། ཉིན་དེར་སྤེལ་བའི་སྐབས་གསར་བའི་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་གི་རྒྱང་ལྟ་ཞེས་པའི་སྙན་ཞུ་དེ་རྒྱལ་ཁབ་བདུན་ཅུ་ལྷག་གི་ཆེད་མཁས་པ་ཉིས་བརྒྱ་དང་ལྔ་བཅུས་མཉམ་དུ་ཡོངས་འགྲུབ་བྱས་པ་ཡིན་ལ། མིག་སྔའི་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་གནས་བབ་ལ་རྒྱ་ཆེ་ཞིང་གཟབ་ནན་གྱི་དཔྱད་འཇོག་ཐེངས་ཤིག་བྱས་པ་རེད། 

སྙན་ཞུ་ལས་བསྟན་དོན། མྱུར་དུ་ཁོར་ཡུག་སྲུང་སྐྱོབ་ཤུགས་ཚད་ཇེ་ཆེར་མ་བཏང་ན། དུས་རབས་འདིའི་དུས་དཀྱིལ་དུ། ཨེ་ཤ་ཡཱ་དང་དབུས་ཤར། ཨ་ཧྥེ་རི་ཁ་གླིང་བཅས་ཀྱི་གྲོང་ཁྱེར་དང་ས་ཁུལ་གྱི་མི་གྲངས་ས་ཡ་འགའ་ཁོར་ཡུག་གནད་དོན་དབང་གིས་ཚེ་ཚད་ཇེ་ཐུང་དུ་འགྲོ་སྲིད་ཟེར། 
སྙན་ཞུ་ལས་བསྟན་དོན། འཛམ་གླིང་ཡོངས་ཀྱི་གྲོང་ཁྱེར་ཅན་གྱི་འཕེལ་རིམ་ཁྲོད་ཁོར་ཡུག་གི་གཏོར་བརླག་ཇེ་ཆུང་དུ་བཏང་ན་ད་གཟོད་མིའི་རིགས་ལ་བདེ་སྐྱིད་བསྐྲུན་ཐུབ་ཟེར། སྙན་ཞུ་ལས་བྱེད་ཐབས་མང་དུ་བཏོན་ནས་མི་རྣམས་གྲོང་ཁྱེར་དུ་གནས་སྤར་བ་ལས་བྱུང་བའི་ཁོར་ཡུག་གནོན་ཤུགས་ཇེ་ཆུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།