ཀྲུང་གོ་བོད་ཀྱི་དྲ་བ།

ཨན་པའེ་ཅིན་སན་གྱིས་འཇར་པན་དང་ཨུ་རུ་སིའི་ཞི་བདེའི་ཆིངས་ཡིག་གི་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་བདུན་ཉིན་བཤད་རྒྱུར། འཇར་པན་དང་ཨུ་རུ་སིའི་མངའ་ཁོངས་གནད་དོན་ཐག་གཅོད་བྱེད་པ་དང་། ཞི་བདེའི་ཆིངས་ཡིག་འགོད་པའི་གཞི་རྩའི་བྱེད་ཕྱོགས་འོག མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་གྲོས་མོལ་ལ་གྲུབ་འབྲས་ཐོབ་པར་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར། 

ཨན་པའེ་ཅིན་སན་གྱིས་ཉིན་དེར་ཏུང་ཅིན་ནས་བསྡུས་པའི་བྱང་ཕྱོགས་ཀྱི་མངའ་ཁོངས་ཕྱིར་སྤྲོད་པའི་རེ་བ་འདོན་པའི་རྒྱལ་ཡོངས་ཚོགས་ཆེན་སྟེང་ཞུ་ཚིག་འབུལ་སྐབས་སྐད་ཆ་དེ་བཤད་པ་རེད། ཁོས་ད་རུང་བཤད་རྒྱུར། འཛམ་གླིང་འཁྲུག་ཆེན་གཉིས་པ་ལས་བསྐྱུར་བའི་དཀའ་གནད་དེ་ཐག་གཅོད་བྱེད་པར་ལས་སླ་མོ་ཞིག་མིན་ཡང་། ང་ཚོས་ངེས་པར་དུ་དམིགས་འབེན་དེ་མངོན་འགྱུར་བྱ་དགོས་ཟེར། 

བྱང་ཕྱོགས་ཀྱི་མངའ་ཁོངས་ཕྱིར་སྤྲོད་པའི་རེ་བ་འདོན་པའི་རྒྱལ་ཡོངས་ཚོགས་ཆེན་དེ་འཇར་པན་ནེ་ཀི་དང་ས་གནས་དང་དམངས་ཁྲོད་ཚོགས་ཁག་མང་བོས་གྲུབ་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པ་ཡིན། གཅིག་སྟོང་དགུ་བརྒྱ་གྱ་གཅིག་ལོའི་ཚུན་ལ་ལོ་རེ་བཞིན་ཏུང་ཅིན་དུ་སྤེལ་བཞིན་ཡོད་པ་དང་། འཇར་པན་སྲིད་གཞུང་དང་གྲོས་ཁང་། འབྲེལ་ཡོད་ཚོགས་ཁག འཇར་པན་དང་ཨུ་རུ་སིའི་རྩོད་གཞིར་གྱུར་བའི་གླེང་ཕྲན་གྱི་འཇར་པན་གྱི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས་པ་རེད། 

ཚོགས་ཆེན་ནས་ཉིན་དེར་ད་རུང་གསལ་སྒྲོག་ཅིག་ལ་གྲོས་མཐུན་བཀོད་དེ། རྩོད་གཞིར་གྱུར་བའི་གླིང་ཕྲན་དེ་འཇར་པན་གྱི་གདོད་མའི་མངའ་ཁོངས་ཡིན་པར་བརྗོད་པ་དང་། འཇར་པན་གྱིས་འབྲེལ་ཡོད་མངའ་ཁོངས་ཕྱིར་སྤྲོད་པའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་ནན་བཤད་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱིས་ཞི་བདེའི་ཆིངས་ཡིག་འགོད་པར་ཁ་ཕྱོགས་པའི་གྲོས་མོལ་ལ་རྒྱབ་སྐྱོར་དང་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།