ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམག་དཔུང་གིས་བར་སྣང་འཇབ་རྒོལ་བྱས་ཏེ་སོ་མཱ་ལིའི་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་ཉེར་བཞི་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཨ་ཧྥེ་རི་ཁ་གླིང་གི་དམག་སྤྱི་ཁང་གིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ཟླ་དང་པོའི་ཚེས་སུམ་ཅུའི་ཉིན་སོ་མཱ་ལིའི་དབུས་ཕྱོགས་ཀྱི་ཞེ་ལན་ཀྲིག་གི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྒར་ས་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ནས། རྩ་འཛུགས་དེའི་དྲག་ཆས་ཉེས་ཅན་ཉེར་བཞི་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་འཇབ་རྒོལ་ནི་སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་བར་རྒྱབ་སྐྱོར་བྱེད་ཆེད་ཡིན་པ་དང་། བར་སྣང་འཇབ་རྒོལ་ཁྲོད་མི་སེར་དཀྱུས་མར་ཤི་རྨས་ཐེབས་མེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་མུ་མཐུད་དུ་སོ་མཱ་ལི་རུ་སྡོད་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཆེད་མངག་ཚོགས་པ་དང་སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་མཉམ་དུ་ན་གཞོན་ཏང་ཞེས་པའི་དྲག་ཆས་པར་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། 

སོ་མཱ་ལིའི་ན་གཞོན་ཏང་ནི་རྟེན་གཞི་རྩ་འཛུགས་དང་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་ལ་སོ་མཱ་ལི་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཏུ་འཇིགས་སྐུལ་འཇབ་རྒོལ་མང་དུ་སྤེལ། ཉེ་བའི་ལོ་འགའི་རིང་ཨ་མེ་རི་ཁའི་དམག་དཔུང་གིས་སོ་མཱ་ལིའི་ན་གཞོན་ཏང་དང་སོ་མཱ་ལིའི་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པར་ཐེངས་མང་བོར་བར་སྣང་འཇབ་རྒོལ་བྱས་མྱོང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།