ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་གཟའ་འཁོར་རྗེས་མར་ཅིན་ཀྲིན་ཨིན་དང་གྲོས་མོལ་ཐེངས་གཉིས་པ་སྤེལ་སའི་དུས་ཚོད་དང་ས་གནས་ཁྱབ་སྒྲོག་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་གཟའ་འཁོར་རྗེས་མར་ཁོ་རང་ཉིད་དང་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་བར་གྱི་གྲོས་མོལ་ཐེངས་གཉིས་པའི་བྱེ་བྲག་གི་དུས་ཚོད་དང་ས་གནས་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར། 

ཐི་ལིང་ཕུའུ་ཡིས་ཉིན་དེར་ཕོ་བྲང་དཀར་པོ་ནས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཁོ་དང་ཅིན་ཀྲིན་ཨིན་གྱི་གྲོས་མོལ་ཐེངས་གཉིས་པ་དེ་ཟླ་གཉིས་པའི་ཟླ་མཇུག་ལ་སྤེལ་རྒྱུ་ཡིན་པ་དང་། ཨ་མེ་རི་ཁ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་པའི་བྱེ་བྲག་གི་དུས་ཚོད་དང་ས་གནས་ལ་གྲོས་འཆམ་བྱུང་ཡོད་པར་མ་ཟད། གཟའ་འཁོར་རྗེས་མར་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་ཁྲའོ་ཞན་སྲིད་ཇུས་ཀྱི་དམིགས་བསལ་འཐུས་མི་པུས་ཀིན་ཟླ་གཉིས་པའི་ཚེས་གསུམ་ཉིན་ཧན་གོའི་ཧྲིག་ཨར་དུ་སོང་ནས། ཧན་གོའི་ཕྱི་འབྲེལ་པུའུ་ཡི་ཕྱེད་གླིང་ཞི་བདེའི་ལས་དོན་གྱི་པུའུ་ཀྲང་ལིས་ཏུའུ་ཞོན་བར་གྲོས་མོལ་བྱེད་རྒྱུ་ཡིན་ལ། པུས་ཀིན་གྱིས་ད་རུང་ཁྲའོ་ཞན་གྱི་དཔོན་རིགས་དང་མཉམ་དུ་ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་དམིགས་འབེན་ཡོངས་སུ་མངོན་འགྱུར་བྱེད་པའི་རྗེས་མའི་བྱེད་ཐབས་སོགས་ཀྱི་ཐད་ནས་གྲོས་མོལ་བྱེད་རྒྱུ་རེད་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཟླ་དང་པོའི་ཚེས་སུམ་ཅུའི་ཉིན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་གཉིས་པ་དེ་ཟླ་གཉིས་པའི་ཟླ་མཇུག་ལ་ཨེ་ཤ་ཡཱའི་ས་གནས་གང་རུང་ནས་སྤེལ་རྒྱུ་རེད་ཟེར། ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། གྲོས་མོལ་བྱེད་སའི་རྗེས་གྲབས་ས་གནས་ལ་ཡོ་ནན་གྱི་ཧི་ནེ་དང་ཞན་ཀང་། ཐེ་གོའི་མན་ཀུའུ་སོགས་འདུས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།