ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་མེ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་དགུ་གསོག་ནས་མི་ཆོས་རོགས་སྐྱོར་ཐད་བཀོལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཉེ་སྔོན་བྱིས་པར་དམིགས་པའི་མི་ཆོས་རིང་ལུགས་འགུལ་སྐྱོད་ཅེས་པའི་སྙན་ཞུ་ཞིག་སྤེལ་ཏེ། ལས་ཁུངས་དེའི་ཉིས་སྟོང་བཅུ་དགུའི་ལོར་འཛམ་གླིང་ཡོངས་ཀྱི་འཁྲུག་རྩོད་དང་གནོད་འཚེ་ཡི་ཤུགས་རྐྱེན་ཐེབས་པའི་བྱིས་པའི་ཆེད་དུ་མེ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་དགུའི་ཞལ་འདེབས་མ་དངུལ་བསྡུ་རྒྱུའི་འཆར་གཞི་ཡོད་ཟེར། 

སྙན་ཞུ་ལས་བཤད་རྒྱུར། མ་དངུལ་དེ་རྒྱལ་ཁབ་ང་དགུ་རུ་འཚོ་སྡོད་བྱེད་པའི་བྱིས་པ་བྱེ་བ་བཞི་དང་ས་ཡ་གཅིག་ལ་རོགས་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་ཡིན་པ་དང་། བྱིས་པ་དེ་དག་ལ་བདེ་འཇགས་འཐུང་ཆུ་དང་ཟས་རིགས། སྨན་བཅོས། སློབ་གསོ་སོགས་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ཡིན། ཨེ་ཅིབ་དང་ཅོར་ཏན། ལེ་པཱ་ནུན། དབྱི་རག ཐུར་ཁེ་བཅས་སུ་བྲོས་བྱོལ་བྱས་པའི་སི་རི་ཡཱའི་ཡུལ་གྱར་བ་དང་ཁོ་ཚོ་སྣེ་ལེན་བྱེད་པའི་སྡོད་ཁུལ། དེ་མིན་ཡེ་མིན་དང་ཁོང་གོ་ཅིན། སི་རི་ཡཱ། སུའུ་ཏན་ལྷོ་མ་སོགས་རྒྱལ་ཁབ་ཏུ་འཚོ་སྡོད་བྱེད་པའི་བྱིས་པ་ནི་རོགས་སྐྱོར་བྱ་ཡུལ་གཙོ་བོ་ཡིན་ཟེར། 

སྙན་ཞུ་ལས་བཤད་རྒྱུར། ཞལ་འདེབས་མ་དངུལ་དེའི་ཁྲོད་ཀྱི་མེ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་ས་ཡ་ལྔ་བྱིས་པའི་སྲུང་སྐྱོབ་ལས་གཞིའི་ཐད་བཀོལ་རྒྱུ་ཡིན་པ་དང་། དམིགས་ཡུལ་ནི་བྱིས་པར་དམིགས་པའི་མནར་གཅོད་དང་བཤུ་གཞོག དྲག་སྤྱོད་སོགས་བྱ་སྤྱོད་སྔོན་འགོག་བྱེད་ཆེད་ཡིན། བྱིས་པའི་ཐེབས་རྩ་ཚོགས་པས་ཚོད་དཔག་བྱས་པ་ལྟར་ན། བྱིས་པ་བྱེ་བ་གསུམ་དང་ས་ཡ་བཞི་འཁྲུག་རྩོད་དང་གནོད་འཚེའི་ཁྲོད་འཚོ་བཞིན་ཡོད་པ་དང་། ཕན་ནུས་ལྡན་པའི་སྲུང་སྐྱོབ་ཐོབ་མེད། དེའི་ནང་བྱིས་པ་ས་ཡ་དྲུག་དང་འབུམ་དྲུག་ཡེ་མིན་དུ་འཚོ་བཞིན་ཡོད་ལ། བྱིས་པ་ས་ཡ་ལྔ་དང་འབུམ་ལྔ་སི་རི་ཡཱ་རུ་འཚོ་བཞིན་ཡོད། བྱིས་པ་ས་ཡ་བཞི་ཁོང་གོ་ཅིན་དུ་འཚོ་སྡོད་བྱེད་བཞིན་ཡོད་ཟེར། 

བྱིས་པའི་ཐེབས་རྩ་ཚོགས་པའི་ལག་བསྟར་ཀྲུའུ་རིན་ཧྥུའུ་ཨར་གྱིས་གསར་འགྱུར་སྤྱི་སྒྲོག་ཅིག་ལས་བཤད་རྒྱུར། འཁྲུག་རྩོད་དང་གནོད་འཚེ་ཁྲོད་འཚོ་བཞིན་པའི་བྱིས་པ་ས་ཡ་མང་བོས་དྲག་སྤྱོད་དང་དཀའ་སྡུག མནར་གཅོད་ཚབས་ཆེན་མྱོང་བཞིན་ཡོད་པས། བྱིས་པར་སྲུང་སྐྱོབ་བྱེད་པའི་བྱ་བ་ཧ་ཅང་གལ་ཆེན་ཡིན། གལ་ཏེ་བྱིས་པར་བདེ་འཇགས་ཀྱི་རྩེད་མོར་གཡེང་ས་མེད་པ་དང་ཁོ་ཚོའི་ཁྱིམ་མི་དང་ལྷན་འཛོམས་བྱེད་མི་ཐུབ་ལ། སེམས་གསོ་ཐོབ་མ་ཐུབ་ན་འཐབ་འཁྲུག་ལས་ཁོ་ཚོར་བཟོས་པའི་གཟུགས་མེད་ཀྱི་རྨ་ཁ་དེ་སངས་དྲག་ཏུ་འགྲོ་དཀའ་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།