ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཧྥོ་ལོ་ལི་ཏཱ་ཀྲིག་གི་དངུལ་ཁང་ཞིག་ནས་མི་གཏའ་བཙན་ཁྲིད་བྱེད་པའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཤར་ལྷོའི་ཕྱོགས་ཀྱི་ཧྥོ་ལོ་ལི་ཏཱ་ཀྲིག་གི་དངུལ་ཁང་ཞིག་ནས་ཉིན་དེའི་ཉིན་གུང་མི་གཏའ་བཙན་ཁྲིད་ཀྱི་དོན་རྐྱེན་བྱུང་སྟེ། མི་མང་བོར་མེ་མདའ་ཕོག་པ་དང་། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་ཡོད་ལ། མེ་མདས་བརྒྱག་མཁན་འཛིན་བཟུང་བྱས་ཡོད་ཟེར། 

བསྒྲགས་པ་ལྟར་ན། མི་གཏའ་བཙན་ཁྲིད་ཀྱི་དོན་རྐྱེན་དེ་ཧྥོ་ལོ་ལི་ཏཱ་ཀྲིག་གི་ཧེ་ལན་ཙི་རྫོང་ཞེ་པུའུ་ལིན་གྲོང་ཁྱེར་གྱི་དངུལ་ཁང་ཞིག་ནས་བྱུང་བ་རེད། མེ་མདས་བརྒྱག་མཁན་དེ་ལོ་ཉེར་གཅིག་ཡིན་པ་དང་། དངུལ་ཁང་དུ་མེ་མདས་བརྒྱབ་པར་མ་ཟད་མི་གཏའ་བཙན་ཁྲིད་བྱས་རྗེས་རང་ཉིད་ཀྱིས་ཉེན་རྟོག་པར་བརྡ་བཏང་བ་རེད། དམིགས་བསལ་ཉེན་རྟོག་པ་ཡུལ་དངོས་སུ་འབྱོར་ནས་དངུལ་ཁང་མདུན་གྱི་གཞུང་ལམ་བཀག་པ་དང་། མེ་མདས་བརྒྱག་མཁན་ལ་གྲོས་མོལ་བྱས་ཀྱང་གྲུབ་འབྲས་བྱུང་མེད། དམིགས་བསལ་ཉེན་རྟོག་པ་དེའི་རྗེས་སུ་དངུལ་ཁང་དུ་ཡོང་བ་དང་མེ་མདས་བརྒྱག་མཁན་གྱིས་མཇུག་མཐར་མགོ་སྒུར་བ་རེད། 

མིག་སྔར་མེ་མདས་བརྒྱག་མཁན་གྱི་དམིགས་ཡུལ་ཅི་ཡིན་གསལ་བོར་མི་ཤེས་པ་དང་། ས་དེའི་ཉེན་རྟོག་ཕྱོགས་ཀྱིས་འབྲེལ་ཡོད་གནས་ཚུལ་ལ་རྟོག་ཞིབ་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།