ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་བཙོན་མའི་ཁེ་དབང་ལ་གནོད་སྐྱེལ་བར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་དབྱི་སི་རལ་དམག་དཔུང་གིས་ཉེ་སྔོན་ཕཱ་ལེ་སི་ཐན་གྱི་མི་བཀག་འཇུག་བྱས་པའི་དབྱི་སི་རལ་གྱི་བཙོན་ཁང་ནས་བཙོན་མར་ཡ་ང་བའི་འཇབ་རྒོལ་དོན་རྐྱེན་བཟོས་པར་རྒོལ་གཏམ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་མོར་དོན་དེར་ཐེ་གཏོགས་བྱས་ནས། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་བཙོན་མའི་ཁེ་དབང་ལ་གནོད་སྐྱེལ་བར་བཀག་འགོག་བྱེད་དགོས་པའི་རེ་བ་བཏོན། 

ཕཱ་ལེ་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་བཙོན་ཁང་དུ་སོང་ནས་བཙོན་མར་དུད་འཕྱུར་འགད་རྫས་འཕངས་ཏེ་གཅར་རྡུང་བྱས་ནས། ཕཱ་ལེ་སི་ཐན་གྱི་བཙོན་མ་བརྒྱ་ལྷག་ལ་རྨས་ཕོག གསལ་སྒྲོག་ལས་དབྱི་སི་རལ་གྱི་བྱ་སྤྱོད་དེས་ས་ཁུལ་གྱི་དྲག་ཤུགས་བྱ་འགུལ་དང་ཛ་དྲག་གི་གནས་བབ་ཇེ་སྡུག་ལ་གཏོང་སྲིད་ཟེར། 

ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱི་བཙོན་མའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པེ་ཁི་ཨར་གྱིས་ཚེས་ཉེར་གཉིས་ཉིན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པས། དབྱི་སི་རལ་གྱིས་དོན་དེར་འགན་གཙོ་བོ་ཁུར་དགོས་ཟེར། ཁོས་བཤད་རྒྱུར། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་འབྲེལ་ཡོད་གྱོད་དོན་དེ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་སྤྲོད་རྒྱུ་ཡིན་ཟེར། 

ཕཱ་ལེ་སི་ཐན་སྲིད་གཞུང་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི། དེ་མིན་ཕྱོགས་ཁག་གཞན་པ་སོགས་ཀྱིས་ཀྱང་གསལ་སྒྲོག་སྤེལ་ཏེ་དབྱི་སི་རལ་གྱི་བྱ་སྤྱོད་དེར་རྒོལ་གཏམ་བཏང་། དེ་ལས་གཞན་ཕཱ་ལེ་སི་ཐན་གྱི་མི་མང་བོས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་སོགས་ས་ཁུལ་ནས་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ། དབྱི་སི་རལ་གྱིས་གནོད་པ་བཏང་བའི་ཕཱ་ལེ་སི་ཐན་གྱི་བཙོན་མར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་དང་། དབྱི་སི་རལ་གྱིས་བཙོན་མ་དག་ཕྱིར་གཏོང་དགོས་པའི་རེ་བ་བཏོན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།