ཀྲུང་གོ་བོད་ཀྱི་དྲ་བ།

སྐོར་ཐེངས་རྗེས་མའི་ཡེ་མིན་གྱི་ཞི་བའི་གྲོས་མོལ་ཅོར་ཏན་ནས་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅོར་ཏན་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེའི་སྲིད་གཞུང་གིས་ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པའི་སྐོར་ཐེངས་རྗེས་མའི་ཞི་བའི་གྲོས་མོལ་དེ་ཅོར་ཏན་ནས་སྤེལ་དུ་འཇུག་པར་ཡིད་འཐད་བྱུང་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཅོར་ཏན་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཡིས་ཀྱང་ཡེ་མིན་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱི་སྐོར་ཐེངས་རྗེས་མའི་ཞི་བའི་གྲོས་མོལ་དེ་ཅོར་ཏན་ནས་སྤེལ་བའི་རེ་ཞུར་ཡིད་འཐད་བྱུང་ཡོད་ལ། ཡེ་མིན་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་སྐོར་ཐེངས་རྗེས་མའི་ཞི་བའི་གྲོས་མོལ་ཁྲོད་བཟུང་དམག་བརྗེ་སྤོར་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར། 

གསལ་སྒྲོག་ལས་བསྟན་དོན། ཅོར་ཏན་གྱིས་ཡེ་མིན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་བརྩོན་པའི་བྱ་བ་གང་རུང་ལ་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་གཉིས་ཀྱིས་མཇུག་མཐར་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་འགོད་ཐུབ་པའི་རེ་བ་བྱས་ཡོད་ཟེར། 

གསལ་སྒྲོག་ཞི་བའི་གྲོས་མོལ་དེ་སྤེལ་བའི་བྱེ་བྲག་གི་དུས་ཚོད་བཀོད་སྒྲིག་བསྒྲགས་མེད། ཅོར་ཏན་ཕྱི་འབྲེལ་པུའུ་ཡི་མིང་བཤད་མི་འདོད་པའི་དཔོན་པོ་ཞིག་གིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པའི་འཐུས་ཚབ་ཚོགས་པ་ཨན་མན་དུ་འབྱོར་ཡོད་པ་དང་། ཞི་བའི་གྲོས་མོལ་དེ་ཉེ་ལམ་སྤེལ་རྒྱུ་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།