ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སོ་གཉིས་པའི་གྲོས་ཚོགས་རབ་དང་རིམ་པ་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རྒྱུན་སྡོད་འཐུས་མིའི་ཨུ་ཡོན་ལྷན་ཁང་གིས་ཚེས་བཅོ་ལྔ་ཉིན་ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེ་པཱ་རུ་ཡོད་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས་གྲོས་ཚོགས་བསྡུས་པ་དང་། དེ་ལས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སོ་གཉིས་པའི་གྲོས་ཚོགས་རབ་དང་རིམ་པ་སྤེལ་མགོ་བརྩམས་པ་མཚོན་ཡོད། ཨ་ཧྥེ་རི་ཁ་གླིང་གི་མི་གང་སར་འཁྱམ་པའི་གནད་དོན་དེ་སྐབས་འདིའི་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོ་རེད། 

སྐབས་འདིའི་ཨ་ཧྥེ་རི་ཁ་གླིང་གི་མཐོ་རིམ་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་ཡུལ་གྱར་བ་དང་ཕྱིར་ལོག་མཁན། རྒྱལ་ནང་དུ་གང་སར་འཁྱམ་མཁན་སྟེ། ཨ་ཧྥེ་རི་ཁ་གླིང་ནས་ཡུལ་འཁྱམ་མི་བྱེད་ཐབས་མེད་བྱུང་བའི་གནད་དོན་དེ་དུས་གཏན་དུ་ཐག་གཅོད་བྱེད་པའི་བྱེད་ཐབས་ཤིག་འཚོལ་ཞིབ་བྱེད་དགོས་ཟེར། གྲོས་ཚོགས་དེ་ཟླ་གཉིས་པའི་བར་རྒྱུན་བསྲིངས་རྒྱུ་ཡིན་པ་དང་། དེའི་ནང་རྒྱུན་སྡོད་འཐུས་མིའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དེ་ཚེས་བཅུ་དྲུག་བར་སྤེལ་རྒྱུ་ཡིན་པ་དང་། ལག་བསྟར་ལས་འཛིན་ཚོགས་པའི་གྲོས་ཚོགས་དེ་ཟླ་གཉིས་པའི་ཚེས་བདུན་ཉིན་ནས་ཚེས་བརྒྱད་ཉིན་བར་སྤེལ་རྒྱུ་རེད། ཨ་ཧྥེ་རི་ཁ་གླིང་གི་མགོ་གཙོའི་གྲོས་ཚོགས་དེ་ཟླ་གཉིས་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་སྤེལ་རྒྱུ་རེད། 

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་མཁའ་ཏིས་ཀྱིས་རྒྱུན་སྡོད་འཐུས་མིའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་མགོ་རྩོམ་སྐབས་བསྟན་དོན། ནང་འཁྲུག་དང་རྒྱུ་རྐྱེན་གཞན་པའི་དབང་གིས་ཨ་ཧྥེ་རི་ཁ་གླིང་གི་མི་མང་བོ་ཡུལ་འཁྱམ་བྱེད་བཞིན་ཡོད་པ་དང་། མི་ལ་ལ་ཕ་ཡུལ་དང་བྲལ་ནས་ས་གནས་གཞན་དུ་འཚོ་གནས་འཚོལ་ཞིབ་བྱེད་དུ་མི་འགྲོ་ཐབས་མེད་བྱུང་ཡོད། ཡུལ་འཁྱམ་བྱེད་པའི་མི་མང་བོའི་ཚེ་སྲོག་ཤོར་ཡོད། བཅོས་སྐྱོང་བྱེད་ཐབས་བཟང་བོ་ནི་ཨ་ཧྥེ་རི་ཁ་གླིང་གི་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད་ཟེར། 

སྐབས་འདིའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ཀྱི་གྲོས་ཚོགས་རབ་དང་རིམ་པ་ལས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་བཅོས་བསྒྱུར་ལ་འབྲེལ་བའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད། མཁའ་ཏིས་ཀྱིས་བཤད་རྒྱུར། བཅོས་བསྒྱུར་ནི་རྒྱུན་མཐུད་ཀྱི་བརྒྱུད་རིམ་ཞིག་ཡིན་པ་དང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ནམ་རྒྱུན་སྲིད་འཛིན་དང་ནོར་སྲིད་ཀྱི་བཅོས་བསྒྱུར་བྱེད་བཞིན་ཡོད་ལ། སྐབས་འདིའི་གྲོས་ཚོགས་ནས་ཡོངས་འགྲུབ་མ་བྱས་པའི་བཅོས་བསྒྱུར་ལ་དོ་སྣང་བྱེད་ངེས་རེད་ཟེར། 

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ལ་མིག་སྔར་བསྡོམས་པས་ཁོངས་གཏོགས་རྒྱལ་ཁབ་ང་ལྔ་ཡོད་པ་དང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་ནི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཆེས་མཐོའི་དབང་ཤུགས་ལས་ཁུངས་ཡིན་ལ། ལོ་རེར་ཐེངས་གཉིས་ལ་སྤེལ་བཞིན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།