ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལཱ་ཡིས་ཨ་མེ་རི་ཁས་བཀག་སྡོམ་ཁ་སྣོན་བྱས་པ་ལུགས་དང་མི་མཐུན་ལ་ཁྲིམས་ལའང་འགལ་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་གཞོན་པ་ལོ་ཏི་ལི་ཀི་སི་ཡིས་ཚེས་བརྒྱད་ཉིན་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས། ཨ་མེ་རི་ཁས་ཉིན་དེར་ཝེ་ནེ་ཙུའེ་ལཱ་ལ་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དེ་ལུགས་མཐུན་མིན་ལ་ཁྲིམས་ལའང་འགལ་ཡོད་པ་དང་། ཝེ་ནེ་ཙུའེ་ལཱ་འཇིགས་ཉེན་ལ་སྐྲག་མི་སྲིད་ཟེར། 

ལོ་ཏི་ལི་ཀི་སི་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱའི་བཀག་སྡོམ་བྱེད་ཐབས་རྒྱུན་ཆད་མེད་པར་ཁ་སྣོན་བྱས་པ་ནི་ཕྱོགས་གཅིག་གི་བྱ་སྤྱོད་ཡིན་ལ། དེར་དོན་དངོས་ཀྱི་གཞི་འཛིན་ས་གང་ཡང་མེད་ཟེར། 

ལོ་ཏི་ལི་ཀི་སི་ཡིས་བཤད་རྒྱུར། ཝེ་ནེ་ཙུའེ་ལཱ་འཇིགས་ཉེན་དེ་རིགས་ལ་སྐྲག་མི་སྲིད་ཀྱང་། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱའི་དཔལ་འབྱོར་དང་དངུལ་ལོར། ཉོ་ཚོང་བཅས་ཀྱི་བཀག་སྡོམ་ལས་དོན་ངོ་མ་ཝེ་ནེ་ཙུའེ་ལཱའི་མི་དམངས་ཀྱི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད། དེ་བས་ཝེ་ནེ་ཙུའེ་ལཱ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱས་ཏེ་དམིགས་བསལ་བྱ་བའི་ཚན་ཆུང་ཞིག་བཙུགས་ནས་ཨ་མེ་རི་ཁའི་ལུགས་མེད་ཀྱི་བཀག་སྡོམ་བྱེད་ཐབས་རབ་དང་རིམ་པར་རྟོག་ཞིབ་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།