ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་གློ་བུར་དུ་དབྱི་རག་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབུས་ཤར་ས་ཁུལ་དུ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཚེས་དགུའི་ཉིན་གློ་བུར་དུ་དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་རུ་འཚམས་འདྲི་བྱས་ཏེ། དབྱི་རག་གི་སྲིད་གཞུང་གསར་བའི་མགོ་ཁྲིད་པར་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་སོགས་ཐད་ཀྱི་མཉམ་ལས་གནད་དོན་ལ་གྲོས་བསྡུར་བྱས། 

དབྱི་རག་ཙུང་ཐུང་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཙུང་ཐུང་སཱ་ལེ་ཧི་ཡིས་ཕིན་ཕའེ་ཨོ་དང་གྲོས་མོལ་བྱེད་སྐབས་བསྟན་དོན། རྒྱལ་སྤྱི་དང་ས་ཁུལ་རང་བཞིན་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཨ་རབ་རྒྱལ་ཁབ་ཀྱི་གཏན་འཇགས་མིན་པའི་སྣང་ཚུལ་ཇེ་ཉུང་དུ་གཏོང་བ་དང་། ཐལ་སྤྱོད་རྩ་འཛུགས་དང་འཇིགས་སྐུལ་རིང་ལུགས་རྩ་བ་ནས་མེད་པར་གཏོང་འདོད་ཡོད་ཟེར། ཕིན་ཕའེ་ཨོ་ཡིས་བསྟན་དོན། དབྱི་རག་ནི་ཨ་མེ་རི་ཁའི་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས་བཅས་ཁྱབ་ཁོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན་ལ། ཨ་མེ་རི་ཁས་མ་དངུལ་བཏང་ནས་དབྱི་རག་གི་བསྐྱར་འཛུགས་ནང་ཞུགས་འདོད་ཡོད་པ་དང་། ཁྱད་པར་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ལག་ནས་བཅིངས་འགྲོལ་བཏང་བའི་གྲོང་ཁྱེར་གྱི་བསྐྱར་འཛུགས་ཐད་རོགས་རམ་བྱེད་འདོད་ཡོད་ཟེར། 

ཕིན་ཕའེ་ཨོ་ཡིས་ད་རུང་དབྱི་རག་གི་ཙུང་ལི་མེད་ཧི་ཏིས་དང་། གྲོས་དཔོན་ཧཱ་པུའུ་ཞེ། ཕྱི་འབྲེལ་བློན་ཆེན་ཧཱ་ཅི་མུའུ་བཅས་ལ་ཐུག་འཕྲད་བྱས། 

ཕིན་ཕའེ་ཨོ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་གཙོ་བོའི་གནད་དོན་ཐད་ནས་མཉམ་ལས་བྱེད་པར་རེ་སྒུག་བྱས་ཡོད་ཟེར། 

ཕིན་ཕའེ་ཨོ་ཡིས་ཚེས་བརྒྱད་ཉིན་ནས་བཟུང་ཅོར་ཏན་དང་ཨེ་ཅིབ། སོ་ཏི་ཨ་རབ་སོགས་དབུས་ཤར་རྒྱལ་ཁབ་བརྒྱད་ལ་འཚམས་འདྲི་བྱེད་མགོ་བརྩམས། དེའི་སྔོན་ཁྱབ་སྒྲོག་བྱས་པའི་འཚམས་འདྲིའི་འཆར་གཞིའི་ཁྲོད་དབྱི་རག་མི་འདུས་པ་རེད། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཞིའི་ཉིན་བསྒྲགས་པ་ལྟར་ན། ཕིན་ཕའེ་ཨོ་ཡིས་ཐེངས་འདིའི་འཚམས་འདྲི་ལས་ས་ཁུལ་གྱི་མནའ་མཐུན་གྲོགས་པོ་དག་ལ་ཨ་མེ་རི་ཁ་དབུས་ཤར་ས་ཁུལ་ནས་ཕྱིར་འཐེན་བྱེད་མི་སྲིད་པ་དང་། མཉམ་དུ་དབྱི་ལིང་གི་འཇིགས་ཉེན་ཐག་གཅོད་བྱེད་རྒྱུ་ཁས་ལེན་བྱེད་རྒྱུ་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།