ཀྲུང་གོ་བོད་ཀྱི་དྲ་བ།

ཨན་པའེ་ཅིན་སན་གྱིས་ཧི་ལན་དང་དབྱིན་ཇི་རུ་འཚམས་འདྲི་བྱས་ཏེ་འཇར་པན་དང་ཡོ་རོབ་གླིང་གི་ཉོ་ཚོང་དང་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་ལས་ཕྱིར་འབུད་པའི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་ཚེས་དགུ་ཉིན་ལམ་དུ་ཆས་ནས་ཧི་ལན་དང་དབྱིན་ཇི་རུ་འཚམས་འདྲིར་སོང་། རྒྱལ་ཁབ་དེ་གཉིས་ཀྱི་མགོ་ཁྲིད་པ་དང་མཉམ་དུ་གཙོ་བོ་འཇར་པན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཀོད་པའི་རང་དབང་ཉོ་ཚོང་གྲོས་ཆོད་དང་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་ལས་ཕྱིར་འབུད་པའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད། 

ཨན་པའེ་ཅིན་སན་ལམ་དུ་ཆས་ཁར་གསར་འགོད་པར་བསྟན་དོན། དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་ལས་ཕྱིར་འབུད་པའི་གནད་དོན་ལ་འཛམ་གླིང་ཡོངས་ཀྱིས་སེམས་ཁུར་བྱེད་བཞིན་ཡོད་ལ། ཁོས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་ལ་འཇར་པན་ཕྱོགས་ཀྱི་ལངས་ཕྱོགས་བསྟན་ནས། གནད་དོན་དེར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། 

ཐུན་མོང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨན་པའེ་ཅིན་སན་གྱིས་ཐི་ལོས་ཧྲ་མཱེ་ལ་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་བ་ལས་དབྱིན་ཇི་རུ་ཡོད་པའི་འཇར་པན་གྱི་ཁེ་ལས་ཤུགས་རྐྱེན་ངན་པ་ཐེབས་མི་སྲིད་པར་ཁག་ཐེག་བྱེད་རྩིས་ཡོད་ལ། ཁོས་ཚེས་བཅུའི་ཉིན་ཐི་ལོས་ཧྲ་མཱེ་དང་གྲོས་མོལ་བྱེད་རྒྱུ་རེད། 

ཁོ་གཉིས་ཀྱིས་ད་རུང་འཇར་པན་དང་དབྱིན་ཇིའི་རང་དབང་ཉོ་ཚོང་ལ་ཡར་སྐུལ་གཏོང་བའི་གནད་དོན་གླེང་སྲིད། དབྱིན་ཇི་ཕྱོགས་ཀྱིས་དེའི་སྔོན་འཇར་པན་སོགས་རྒྱལ་ཁབ་བཅུ་གཅིག་གིས་བཀོད་པའི་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ནང་ཞུགས་འདོད་ཡོད་པའི་ཚུལ་བསྟན་ཡོད། གྲོས་མཐུན་དེ་ན་ནིང་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུའི་ཉིན་དངོས་སུ་ནུས་ལྡན་དུ་གྱུར་ཡོད་པ་རེད། 

ལོ་ལྔའི་རིང་གྲོས་མོལ་བྱས་པ་བརྒྱུད། འཇར་པན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ན་ནིང་ཟླ་བདུན་པར་དངོས་སུ་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་བཀོད། རང་དབང་ཉོ་ཚོང་གྲོས་ཆོད་དེ་ཟླ་རྗེས་མ་ནས་བཟུང་ནུས་ལྡན་དུ་འགྱུར་ངེས་རེད། ཨན་པའེ་ཅིན་སན་གྱི་ཚེས་དགུ་ཉིན་གྱི་དགོང་མོར་ལོས་ཐི་ཏན་ནས་ཧི་ལན་གྱི་དབུ་བཞུགས་བློན་ཆེན་མཱ་ཁི་ལོས་ཐི་དང་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བར་ཡར་སྐུལ་གཏོང་བའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད། 

འཇར་པན་སྲིད་གཞུང་གི་མི་སྣས་བཤད་རྒྱུར། ཨན་པའེ་ཅིན་སན་གྱིས་ཟླ་འདིའི་ཟླ་སྨད་དུ་ཡང་བསྐྱར་ཨུ་རུ་སི་རུ་འཚམས་འདྲི་བྱས་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱེད་རྒྱུ་ཡིན་ལ། དེའི་རྗེས་སུ་སུའེ་ཙེར་དུ་སོང་ནས། ཏཱ་བོ་སི་ནས་སྤེལ་བའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་ལ་ཞུགས་རྒྱུ་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།