ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་ལིང་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་དབྱི་ལིང་གི་བྱེད་ཐབས་སྤྱད་དེ་རྒོལ་ལན་སྤྲོད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་དགུའི་ཉིན་དབྱི་ལིང་གི་གསང་འཕྲིན་སྡེ་ཁག་ཅིག་དང་དབྱི་ལིང་གི་མི་གཉིས་འཇིགས་སྐུལ་རིང་ལུགས་ཀྱི་མིང་ཐོའི་ནང་བཞག་སྟེ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས། དབྱི་ལིང་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་རྒོལ་ལན་སྤྲོད་རྒྱུའི་ཚུལ་བསྟན། 

ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་ཀྱིས་བཀག་སྡོམ་ཐེབས་པ་ནི་དབྱི་ལིང་གསང་འཕྲིན་དང་བདེ་འཇགས་པུའུ་ཡི་ནང་ཁུལ་བདེ་འཇགས་ཅུའུ་རེད། ཆོད་དོན་དེ་ཚེས་བརྒྱད་ཉིན་བཏོན་པ་ཡིན་ལ། ཚེས་དགུ་ཉིན་ནས་བཟུང་ནུས་ལྡན་དུ་གྱུར་ཡོད། ཆོད་དོན་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁྱབ་ཁོངས་སུ་བྱུང་བའི་འཇབ་རྒོལ་དོན་རྐྱེན་ལ་འབྲེལ་བ་ཡོད་པར་བཤད་ཀྱང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་འཇབ་རྒོལ་དོན་རྐྱེན་གྱི་གནས་ཚུལ་ཞིབ་མོར་གསལ་བཤད་བྱས་མེད། 

ཧི་ལན་ཕྱི་འབྲེལ་པུའུ་ཡིས་ཚེས་བརྒྱད་ཉིན་ཁྱབ་སྒྲོག་བྱས་པའི་འཕྲིན་ཡིག་ཅིག་ལས་བཤད་རྒྱུར། ཧི་ལན་གསང་འཕྲིན་དང་བདེ་འཇགས་ལས་ཁུངས་ཀྱིས་རྟོག་ཞིབ་བྱས་པ་ལྟར་ན། དབྱི་ལིང་གསང་འཕྲིན་ལས་ཁུངས་ཀྱིས་ཉིས་སྟོང་བཅོ་ལྔ་ལོ་དང་ཉིས་སྟོང་བཅུ་བདུན་ལོར་ཧི་ལན་ནས་དབྱི་ལིང་གི་རིགས་རྒྱུད་ཡིན་པའི་ཧི་ལན་གྱི་མི་གཉིས་དམར་གསོད་བཏང་ཟེར། དེ་ལས་གཞན་དབྱི་ལིང་ད་རུང་ཕཱ་རེ་སི་ནས་བྱུང་བའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་དང་ཏན་མག་ནས་བྱུང་བའི་དམར་གསོད་དོན་རྐྱེན་ཅིག་ལའང་འབྲེལ་བ་ཡོད་ཟེར། 

དེ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་བཀོད་པའི་ཚུན་ལ་དབྱི་ལིང་ལ་ཐོག་དང་པོར་བཀག་སྡོམ་བྱས་པ་རེད། ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་ཡོད་བཅའ་ཁྲིམས་ལྟར་ན། བཀག་སྡོམ་ཐེབས་པའི་མི་སྒེར་དང་ལས་ཁུངས་ཀྱི་ཡོ་རོབ་གླིང་མནའ་འབྲེལ་མངའ་ཁོངས་ཀྱི་རྒྱུ་ནོར་དང་མ་དངུལ་བཀག་ཉར་བྱེད་རྒྱུ་ཡིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་གྱི་ལས་ཁུངས་དང་མི་སྒེར་གྱིས་ཁོ་ཚོར་མ་དངུལ་འདོན་སྤྲོད་བྱེད་པ་གཏན་འགོག་བྱེད་རྒྱུ་རེད། 

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་ལིང་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པར་རྒོལ་གཏམ་དྲག་པོ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་ལིང་ལ་བཀག་སྡོམ་བྱེད་པའི་ཆོད་དོན་དེ་གཏན་ཚིགས་དང་མི་མཐུན་ལ་ཧ་ལས་དགོས་པ་ཞིག་ཡིན་ལ། བྱེད་ཐབས་དེར་གཞི་འཛིན་ས་ཅི་ཡང་མེད་ཟེར། དབྱི་ལིང་གིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།