ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་ཡིས་ཁྲའོ་ཞན་ལ་ཆམ་ནད་འགོག་པའི་སྨན་རྫས་འདོན་སྤྲོད་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་གཅིག་གྱུར་པུའུ་ཡིས་ཚེས་བརྒྱད་ཉིན་བསྟན་དོན། ཧན་གོའི་སྲིད་གཞུང་གིས་ཁྲའོ་ཞན་ལ་ཆམ་ནད་འགོག་བཅོས་ཀྱི་སྨན་རྫས་འདོན་སྤྲོད་བྱས་ཏེ། ཆམ་པའི་ནད་དུག་དེ་ཧན་གོ་དང་ཁྲའོ་ཞན་བར་ཕན་ཚུན་ལ་འགོ་བར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར། 

གཅིག་གྱུར་པུའུ་ཡིས་མཚམས་སྦྱོར་བྱས་དོན། འབྲེལ་ཡོད་རོགས་སྐྱོར་དག་གཙོ་བོ་ཏཱ་ཧྥེ་སོགས་ཆམ་ནད་སྔོན་འགོག་གི་སྨན་རྫས་ཀྱི་ཉོ་སྡུད་དང་སྐྱེལ་འདྲེན་ཐད་བཀོལ་རྒྱུ་ཡིན་ལ། རོགས་སྐྱོར་དེར་མཁོ་བའི་གྲོན་དངུལ་ཧན་གོའི་སྒོར་མོ་ཐེར་འབུམ་གསུམ་དང་དུང་ཕྱུར་ལྔ་བྱེ་བ་དྲུག་ནང་ཚོད་འཛིན་བྱེད་རྒྱུ་རེད། 

ཉིན་དེར་སྲིད་གཞུང་དང་དམངས་ཁྲོད་མི་སྣས་གྲུབ་པའི་ཧན་གོ་དང་ཁྲའོ་ཞན་གྱི་བརྗེ་རེས་མཉམ་ལས་སྐུལ་འདེད་གྲོས་མཐུན་ཚོགས་འདུ་ནས་གྲོས་ཆོད་བཀོད་དེ། ལྷོ་ཕྱོགས་ཀྱི་མཉམ་ལས་ཐེབས་རྩ་བེད་སྤྱོད་བྱས་ནས། ཁྲའོ་ཞན་ལ་ཆམ་ནད་ཀྱི་འགོག་བཅོས་སྨན་རྫས་འདོན་སྤྲོད་བྱེད་པར་ཆོག་མཆན་བཀོད། 

གཅིག་གྱུར་པུའུ་ཡིས་བཤད་རྒྱུར། རོགས་སྐྱོར་དེའི་དམིགས་ཡུལ་ནི་ཟླ་དགུ་བའི་ཕེན་རང་ཐུན་མོང་བསྒྲགས་གཏམ་དང་། ཧན་གོ་དང་ཁྲའོ་ཞན་གྱི་བདེ་སྲུང་སྨན་བཅོས་སྡེ་ཁག་གི་ཚན་ཆུང་གྲོས་ཚོགས་ནས་བཀོད་པའི་འགོ་ནད་འགོག་བཅོས་ཁྱབ་ཁོངས་ཀྱི་མཉམ་ལས་དངོས་འབེབ་བྱེད་པའི་ཆེད་ཡིན་ཞིང་། ཧན་གོའི་སྲིད་གཞུང་གིས་རྗེས་སོར་ཁྲའོ་ཞན་བར་གྲོས་མོལ་བྱེད་རྒྱུ་མ་ཟད། ཉེ་ལམ་ཁྲའོ་ཞན་ལ་འབྲེལ་ཡོད་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།