ཀྲུང་གོ་བོད་ཀྱི་དྲ་བ།

​ཕིན་ཕའེ་ཨོ་ཡིས་ཨ་མེ་རི་ཁས་སི་རི་ཡཱ་ནས་དམག་དཔུང་ཕྱིར་འཐེན་བྱེད་པར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་སྟོབས་ཤུགས་ཇེ་ཞན་དུ་གཏོང་མི་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཚེས་བརྒྱད་ཉིན་ཅོར་ཏན་གྱི་རྒྱལ་ས་ཨན་མན་ནས་བསྟན་དོན། ཨ་མེ་རི་ཁས་སི་རི་ཡཱ་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་ཆོད་དོན་ལས་ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་སྟོབས་ཤུགས་ཇེ་ཞན་དུ་གཏོང་མི་སྲིད་ཟེར། 

ཕིན་ཕའེ་ཨོ་ཡིས་ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་སཱ་ཧྥ་ཏིས་དང་མཉམ་དུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡི་ཨ་མེ་རི་ཁས་སི་རི་ཡཱ་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་སྐོར་གྱི་ཆོད་དོན་དེས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་སྟོབས་ཤུགས་ཇེ་ཞན་དུ་གཏན་ནས་གཏོང་མི་སྲིད་ཟེར། ཁོས་ད་རུང་བསྟན་དོན། མ་འོངས་པའི་ཉིན་འགའ་དང་ཐ་ན་གཟའ་འཁོར་འགའི་ནང་། ཨ་མེ་རི་ཁས་ཕྱི་འབྲེལ་དང་དཔལ་འབྱོར་ཐབས་ལམ་ལ་བརྟེན་ནས་མུ་མཐུད་དུ་དབྱི་ལིང་ལ་གནོན་ཤུགས་སྟེར་རྒྱུ་ཡིན་ཟེར། 

ཕིན་ཕའེ་ཨོ་ཡིས་བཤད་རྒྱུར། ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་སོགས་ཀྱི་ཐད་ནས་ཅོར་ཏན་ནི་སྔར་བཞིན་ཨ་མེ་རི་ཁའི་དབུས་ཤར་ས་ཁུལ་གྱི་འཐབ་ཇུས་གྲོགས་པོ་ཡིན་ལ། ཨ་མེ་རི་ཁས་མུ་མཐུད་དུ་ཅོར་ཏན་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། 

སཱ་ཧྥ་ཏིས་ཀྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཅོར་ཏན་དང་ཨ་མེ་རི་ཁའི་འབྲེལ་བའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། ཅོར་ཏན་དང་ཨ་མེ་རི་ཁས་མུ་མཐུད་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན། 

ཕིན་ཕའེ་ཨོ་ཡིས་ཚེས་བརྒྱད་ཉིན་ནས་བཟུང་ཅོར་ཏན་དང་ཨེ་ཅིབ། སོ་ཏི་ཨ་རབ་སོགས་དབུས་ཤར་གྱི་རྒྱལ་ཁབ་བརྒྱད་ལ་འཚམས་འདྲི་བྱེད་མགོ་བརྩམས། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཞིའི་ཉིན་བསྟན་དོན། ཕིན་ཕའེ་ཨོ་ཡི་ཐེངས་འདིའི་འཚམས་འདྲི་ལས་ས་ཁུལ་མནའ་མཐུན་ལ་ཨ་མེ་རི་ཁ་དབུས་ཤར་ས་ཁུལ་ནས་ཕྱིར་འཐེན་བྱེད་མི་སྲིད་པ་ཁས་ལེན་བྱེད་རྒྱུ་མ་ཟད། མཉམ་དུ་དབྱི་ལིང་གི་འཇིགས་ཉེན་ཐག་གཅོད་བྱེད་པ་ཁས་ལེན་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།