ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་དམག་དོན་དམིགས་འབེན་ལ་འགས་གཏོར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བདུན་ཉིན་གྱི་སྔ་དྲོར་གསལ་སྒྲོག་སྤེལ་ཏེ། ཚེས་དྲུག་ཉིན་གྱི་དགོང་མོ་དང་ཚེས་བདུན་ཉིན་གྱི་ཞོགས་པར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་བྱང་ངོས་ཀྱི་ཕཱ་ཁི་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དམག་དོན་དམིགས་འབེན་འགར་འགས་གཏོར་བཏང་ཟེར། 

བསྒྲགས་པ་ལྟར་ན། ཚེས་དྲུག་ཉིན་གྱི་ནམ་གུང་། ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་མེ་ཤུགས་འཕུར་མདའ་གཅིག་གཏོང་འཕེན་བྱས་པ་དང་། མེ་ཤུགས་འཕུར་མདའ་དེ་དབྱི་སི་རལ་དམག་ཕྱོགས་ཀྱི་འགོག་སྲུང་མ་ལག་གིས་བཀག་པ་ཡིན། དེར་རྒོལ་ལན་སྤྲོད་ཆེད། དབྱི་སི་རལ་གྱི་དམག་དཔུང་གིས་འཐབ་འཛིང་གནམ་གྲུ་འགའ་མངག་ནས་ཅཱ་ཧྲ་ས་ཁུལ་བྱང་ངོས་ཀྱི་ཧཱ་མཱ་སིའི་དམག་དོན་དམིགས་འབེན་འགར་འགས་གཏོར་བཏང་ཟེར། 

གསལ་སྒྲོག་ལས་བསྟན་དོན། ཧཱ་མཱ་སི་ཡིས་ངེས་པར་དུ་ཅཱ་ཧྲ་ས་ཁུལ་གྱི་དོན་རྐྱེན་ཡོད་ཚད་ལ་འགན་ཁུར་དགོས། དབྱི་སི་རལ་གྱིས་མུ་མཐུད་དུ་དབྱི་སི་རལ་གྱི་མི་སེར་དཀྱུས་མའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་དང་། ཅཱ་ཧྲ་ས་ཁུལ་ནས་ཡོང་བའི་དཔུང་འཇུག་གང་རུང་ལ་རྒོལ་ལན་དྲག་པོ་སྤྲོད་རྒྱུ་ཡིན་ཟེར། 

གཞན་ཡང་དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་དྲུག་ཉིན་གྱི་ཕྱི་དྲོར་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སི་ཡིས་དབྱི་སི་རལ་གྱི་མངའ་ཁོངས་སུ་མི་བསྡད་མེད་པའི་གནམ་གྲུ་ཞིག་བཏང་བ་དང་། མི་བསྡད་མེད་པའི་གནམ་གྲུ་དེས་འགས་གཏོར་སྒྲིག་ཆས་ཡོད་པའི་དབུགས་ལྒང་འགའ་དྲུད་ཡོད་པ་རེད། དེའི་ལན་དུ་དབྱི་སི་རལ་གྱི་དམག་དཔུང་གིས་དྲག་ཆས་གྱེན་འཕུར་གནམ་གྲུ་མངག་ནས་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་དམག་དོན་སོ་ལྟ་ཁང་གཉིས་ལ་འགས་གཏོར་བཏང་བ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།