ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཐཱ་ལེ་པན་དྲག་ཆས་པས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བཟོས་ནས་མི་སོ་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་དཔོན་ཕྱོགས་ཀྱིས་ཚེས་བདུན་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བདེན་དཔང་བྱས་དོན། ཨ་ཧྥུའུ་ཧན་བདེ་འཇགས་མི་སྣ་དང་ཐཱ་ལེ་པན་དྲག་ཆས་པས་ཚེས་དྲུག་ཉིན་གྱི་དགོང་མོར་ནུབ་བྱང་ཕྱོགས་ཀྱི་པཱ་ཏི་ཅི་སི་ཞིང་ཆེན་ནས་དྲག་ཆས་འཁྲུག་རྩོད་བྱས་པ་དང་། ཕྱོགས་གཉིས་ཀྱི་འཁྲུག་རྩོད་ལས་ཉུང་མཐར་ཡང་མི་སོ་དྲུག་རྐྱེན་ལམ་དུ་ཤོར་ཟེར། 

ཞིང་ཆེན་དེའི་གྲོས་ཁང་གི་དཔོན་པོ་པེད་ཀི་ཡིས་མཚམས་སྦྱོར་བྱས་དོན། ཕྱོགས་གཉིས་ཀྱིས་ཚེས་དྲུག་ཉིན་གྱི་དགོང་མོར་ཞིང་ཆེན་དེའི་མངའ་ཁོངས་ནས་ཉུང་མཐར་ཡང་ཐེངས་གཉིས་ལ་དྲག་ཆས་འཁྲུག་རྩོད་བྱས་པ་དང་། འཁྲུག་རྩོད་ཐེངས་དང་པོ་དེ་ཞིང་ཆེན་དེའི་ལྷོ་ཕྱོགས་ཀྱི་ཁཱ་ཏིས་སི་ས་ཁུལ་ནས་བྱུང་བ་ཡིན་ལ། ས་དེའི་ཞིབ་བཤེར་ས་ཚིགས་མང་བོར་ཐཱ་ལེ་པན་གྱི་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཡོད། བདེ་འཇགས་མི་སྣ་དང་དྲག་ཆས་མི་སྣས་དུས་ཡུན་རིང་བོར་འཁྲུག་རྩོད་བྱས་ནས་ཉུང་མཐར་ཡང་སྲིད་གཞུང་གི་དམག་མི་གསུམ་དང་ས་དེའི་ཉེན་རྟོག་པ་བཅུ་གཅིག་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར། གཞན་ཡང་ཉུང་མཐར་ཡང་ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་བཅོ་ལྔ་བསད་ཡོད། 

རིགས་དེ་དང་མཚུངས་པའི་འཇབ་རྒོལ་དོན་རྐྱེན་གཞན་པ་ཞིག་ཞིང་ཆེན་དེའི་ནུབ་ཕྱོགས་ཀྱི་ཨ་པུའུ་ཁཱ་མཱ་ལི་ས་ཁུལ་ནས་བྱུང་། འཁྲུག་རྩོད་ལས་བདེ་འཇགས་མི་སྣ་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བདེ་འཇགས་མི་སྣ་དགུ་ལ་རྨས་ཕོག 

པེད་ཀི་ཡིས་བསྟན་དོན། བདེ་འཇགས་སྡེ་ཁག་གིས་དོན་རྐྱེན་བྱུང་སའི་ས་ཁོངས་སུ་རོགས་སྐྱོར་དམག་དཔུང་བཀོད་སྒྲིག་བྱས་ཡོད་ལ། ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་ཚེས་བདུན་ཉིན་བསྟུད་མར་ཕྱིར་འཐེན་བྱས་ཟེར། 

མིག་སྔར་ཐཱ་ལེ་པན་དྲག་ཆས་པས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།