ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་སོགས་རྒྱལ་ཁབ་ལྔ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་ཀྱི་འགན་ཁུར་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་དང་ཏའོ་མུ་ནི་ཀཱ་སྤྱི་མཐུན་རྒྱལ་ཁབ། ཨ་ཧྥེ་རི་ཁ་ལྷོ་མ། པུ་ལི་ཧྲི། ཧིན་རྡུ་ཉི་ཞི་ཡཱ་བཅས་རྒྱལ་ཁབ་ལྔ་ཡིས་ཚེས་གཉིས་ཉིན་དངོས་སུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་ཀྱི་འགན་ཁུར་མགོ་བརྩམས། 

རྒྱལ་ཁབ་དེ་ལྔ་བོའི་འགན་ཡུན་ནི་ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར་རེད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་གཞན་པ་ལྔ་སྟེ་ཕོ་ལན་དང་ཁོ་ཐེ་ཏི་ཝོར། ཁི་ཝེ་ཐི། ཕེ་རུ། ཐིག་དམར་ཀུའེ་ནེ་ཡཱ་བཅས་ཀྱི་འགན་ཡུན་ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་ལ་མཇུག་སྒྲིལ་བ་རེད། 

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་བསྡོམས་པས་ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔ་ཡོད་པ་དང་། དེའི་ནང་ཀྲུང་གོ་དང་ཧྥ་རན་སི། ཨུ་རུ་སི། དབྱིན་ཇི། ཨ་མེ་རི་ཁ་བཅས་ནི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པ་དང་། དེའི་འཕྲོའི་ཁོངས་གཏོགས་རྒྱལ་ཁབ་བཅུ་ནི་རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་ཡིན་པ་རེད། རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་ཀྱི་འགན་ཡུན་ལོ་གཉིས་ཡིན་པ་དང་། འདེམ་བསྐོ་བྱས་ནས་ལོ་རེར་རྒྱལ་ཁབ་ལྔ་རེ་བརྗེ་སྤོར་བྱེད་པ་ཡིན་ལ། བསྟུད་འགན་ཁུར་མི་རུང་། རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་བཅུ་ནི་ས་ཁུལ་ལྟར་བཀོད་སྒྲིག་བྱེད་པ་ཡིན་ལ། ཨ་ཧྥེ་རི་ཁ་གླིང་དུ་གསུམ་ཡིན་ལ། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ། ཡོ་རོབ་གླིང་ནུབ་མ་དང་ས་ཁུལ་གཞན་པར་སོ་སོར་གཉིས་རེ། ཡོ་རོབ་གླིང་ཤར་མ་ས་ཁུལ་དུ་གཅིག་བཅས་ཡིན་པ་རེད། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་འཛིན་བྱེད་པའི་འགན་འཁྲི་ཁུར་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་ཁུངས་ཡ་གྱལ་ཅིག་ཡིན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།