ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཐུར་ཁེས་སི་རི་ཡའི་གནད་དོན་ཐད་ནས་ཕྱི་འབྲེལ་དཔོན་པོ་དང་རྒྱལ་སྲུང་དཔོན་པོའི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དཔོན་པོ་དང་རྒྱལ་སྲུང་དཔོན་པོ། གསང་འཕྲིན་སྡེ་ཁག་གི་འགན་ཁུར་པ་བཅས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་མོ་སི་ཁོ་ནས་སི་རི་ཡའི་གནད་དོན་སྐོར་གྱི་གྲོས་ཚོགས་བསྡུས། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚོགས་འདུའི་རྗེས་སུ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་སི་རི་ཡས་སྔར་ལས་ལྷག་པའི་འཇིགས་སྐུལ་རིང་ལུགས་ལ་རྒོལ་རྡུང་བྱེད་པའི་བྱེད་ཐབས་སྤྱོད་པ་དང་། མི་ཆོས་རིང་ལུགས་ཀྱི་གནད་དོན་ཐག་གཅོད་པ་སོགས་དོན་དག་སྐོར་ནས་གྲོས་མོལ་བྱས་ཟེར།

གསལ་བསྒྲགས་ནང་དུ་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་ཨ་མེ་རི་ཁས་སི་རི་ཡ་ནས་དམག་དཔུང་ཕྱིར་འཐེན་བྱེད་རྒྱུ་ཡིན་ཞེས་བསྒྲགས་རྗེས་སི་རི་ཡ་ནས་བྱུང་བའི་གནས་ཚུལ་གསར་པར་མཉམ་འཇོག་བྱེད་བཞིན་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དང་སི་རི་ཡའི་བདག་དབང་ལ་བརྩི་བཀུར་བྱེད་པའི་ཆ་རྐྱེན་འོག་ཏུ། རྒྱལ་ཁབ་གཉིས་ཀྱི་དམག་དོན་མི་སྣའི་འབྲེལ་འདྲིས་དང་མཐུན་སྦྱོར་མུ་མཐུད་དུ་སྲུང་འཛིན་བྱས་ཏེ། སི་རི་ཡའི་མངའ་ཁོངས་ཀྱི་འཇིགས་སྐུལ་འཇིགས་སྣང་རྩ་བ་ནས་སེལ་རྒྱུ་ཡིན། དེ་དང་མཉམ་དུ་ཕྱོགས་གཉིས་ཀྱིས་བྱེད་ཐབས་ཞིབ་ཅིང་ཕྲ་བ་སྤྱད་ནས་སི་རི་ཡའི་ཡུལ་གྱར་པ་ཕྱིར་ཕ་ཡུལ་དུ་ལོག་པར་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་ཟེར།

གསལ་བསྒྲགས་ནང་དུ་བཤད་རྒྱུར། ད་ལོའི་ཟླ་དང་པོར་བསྡུས་པའི་སི་རི་ཡའི་རྒྱལ་ཡོངས་གྲོས་མོལ་ཚོགས་ཆེན་སྟེང་། ཨ་སི་ཐ་ནའི་འཕེལ་རིམ་ལ་སྐུལ་འདེད་ཐོབ། དབྱི་ལང་ཟབ་ཞུགས་བྱས་རྗེས། ཨུ་རུ་སི་དང་ཐུར་ཁེ་གཉིས་ཀྱིས་དམ་བཅའ་ལག་བསྟར་བྱས་ཏེ། སྟོབས་ཤུགས་ཡོད་ཚད་ཀྱིས་སི་རི་ཡའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་པར་རོགས་རམ་བྱས་ཡོད། ཕྱོགས་གཉིས་ཀྱིས་གསར་དུ་འགན་འཁུར་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡའི་གནད་དོན་གྱི་ཆེད་མངགས་ཕོ་ཉ་ཕེ་ཁའེ་རུའུ་དང་མཉམ་ལས་བྱས་ཏེ། སི་རི་ཡའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་མཡུར་དུ་བྱ་བ་བསྒྲུབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དེར་བཀག་འགོག་མི་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།

ཨ་མེ་རི་ཁས་ཉེ་སྔོན་སི་རི་ཡ་ནས་དམག་དཔུང་ཕྱིར་འཐེན་བྱེད་འགོ་རྩོམ་རྒྱུ་ཡིན་ཞེས་བསྒྲགས་རྗེས། སི་རི་ཡའི་བྱང་ཕྱོགས་ཀྱི་མན་པེ་ཅི་ས་ཁུལ་གྱི་གཏན་འཇགས་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་སོང་། སི་རི་ཡའི་ཁུའུ་ཨར་ཏི་དྲག་ཆས་རྩ་འཛུགས་མི་དམངས་སྲུང་སྐྱོབ་དམག་དཔུང་ཞེས་པ་དེས་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་མན་པེ་ཅི་ནས་ཕྱིར་འཐེན་བྱས་པར་མ་ཟད། སི་རི་ཡའི་སྲིད་གཞུང་དམག་ས་ཁུལ་དེ་ནས་བཅའ་སྡོད་བྱེད་པར་གདན་འདྲེན་བྱས་ཡོད་ཅེས་བསྒྲགས། སི་རི་ཡའི་སྲིད་གཞུང་དམག་གིས་ཀྱང་ཉིན་དེར་མན་པེ་ཅི་ནས་བཅའ་སྡོད་བྱས་པའི་གནས་ཚུལ་བསྒྲགས། ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས། འབྲེལ་ཡོད་ཕྱོགས་སོ་སོས་སི་རི་ཡའི་བྱང་ཕྱོགས་ཀྱི་མན་པེ་ཅི་ས་ཁུལ་གྱི་གཏན་འཇགས་མིན་པའི་གནས་བབ་ཚབས་ཇེ་ཆེར་གཏོང་མི་རུང་བའི་ཉེན་བརྡ་བཏང་།།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།