ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་དབྱི་སི་རལ་གྱིས་སི་རི་ཡ་ལ་འཇབ་རྒོལ་བྱས་པ་ནི་སི་རི་ཡའི་བདག་དབང་ལ་གནོད་བསྐྱལ་བ་རེད་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་མཁའ་དམག་གིས་ཚེས་ཉེར་ལྔ་ཉིན་གྱི་ནམ་གུང་འཐབ་འཛིང་གནམ་གྲུ་དྲུག་བཀོལ་ནས་སི་རི་ཡའི་རྒྱལ་ས་ཏ་མ་སི་ཁོའི་འདབས་རོལ་ལ་འཕུར་མདའ་འཕངས་ཏེ་འཇབ་རྒོལ་བྱས་པའི་གནས་ཚུལ་ཐད་ནས། ཨེ་ཅིབ་རྒྱལ་ཁབ་ཀྱི་མེས་རྒྱལ་ཚགས་པར་ཞེས་པའི་སྟེང་དུ་ཚེས་ཉེར་བདུན་ཉིན་དཔྱད་བརྗོད་སྤེལ་ནས། ཨ་མེ་རི་ཁས་སི་རི་ཡ་ནས་དམག་དཔུང་ཕྱིར་འཐེན་བྱས་རྗེས། དབྱི་སི་རལ་སྔར་ལས་ཀྱང་འཛེམ་བག་མེད་པར་གྱུར་ཡོད་པས། ཐི་ལང་ཕུའུ་ཡིས་དམག་དཔུང་ཕྱིར་འཐེན་བྱེད་རྒྱུ་ཡིན་ཞེས་བཤད་ནས་ཅང་མ་འགོར་བར། དབྱི་སི་རལ་གྱིས་སི་རི་ཡ་ལ་འཇབ་རྒོལ་བྱས་པ་རེད་ཅེས་བཤད་ཡོད། ཨུ་རུ་སི་ཡིས་ཚེས་ཉེར་དྲུག་ཉིན་དབྱི་སི་རལ་གྱིས་སི་རི་ཡ་ལ་བསྙད་བརྐོས་པར་རྒོལ་གཏམ་དྲག་པོ་བཏང་ཡོད། ཡིན་ནའང་དབྱི་སི་རལ་གྱི་ཙུང་ཐུང་ནེ་ཐ་ཉི་ཡ་ཧུའུ་ཡིས་དེར་ཁ་ཡ་མ་བྱས་པར། སི་རི་ཡའི་མངའ་ཁོངས་ཀྱི་དབྱི་ལང་གི་དམག་དཔུང་ལ་མུ་མཐུད་དུ་བར་སྣང་ནས་འཇབ་རྒོལ་བྱེད་རྒྱུ་ཡིན་ཞེས་བཤད།

དབྱི་སི་རལ་གྱི་རྒྱལ་ཁོངས་ཚགས་པར་སྟེང་བཀོད་པའི་གསར་འགྱུར་ལྟར་ན། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུ་དྲུག་གིས་ས་དེའི་ཚེས་ཉེར་ལྔ་ཉིན་ལེ་པ་ནུན་གྱི་བར་སྣང་ནས་ཏ་མ་སི་ཁོའི་ནུབ་ཕྱོགས་ཀྱི་དབྱི་ལང་གིས་རྒྱབ་སྐྱོར་བྱེད་པའི་ཀྲིན་ཀྲུའུ་ཏང་གི་འབར་མདེལ་མཛོད་ཁང་ཞིག་ལ་འཕུར་མདའ་འཕངས་ནས་འཇབ་རྒོལ་བྱས་པ་དང་། འགུལ་སྐྱོད་ཁྲོད་ནས་དབྱི་སི་རལ་གྱི་དམག་མིས་བསྡོམས་པས་འཕུར་མདའ་བཅུ་དྲུག་འཕངས་ཟེར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། དེའི་ནང་གི་འཕུར་མདའ་བཅུ་བཞི་སི་རི་ཡའི་མཁའ་ཟོན་དམག་དཔུང་གིས་འགོག་ཐུབ་པར་གྱུར་ལ། འཕུར་མདའ་གཉིས་སི་རི་ཡའི་དམག་དཔུང་གི་མཁོ་སྒྲུབ་ལྟེ་གནས་ཤིག་ལ་ཕོག་སྟེ། སི་རི་ཡའི་དམག་མི་གསུམ་རྨས། དེ་དང་མཉམ་དུ་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་དེས་ཏ་མ་སི་ཁོ་དང་པེ་རུ་ཐི་རུ་འབབ་རྩིས་ཡོད་པའི་འགྲུལ་སྐྱེལ་གནམ་གྲུ་གཉིས་ལ་འཇིགས་སྣང་བཟོས་པས། ཉེན་ཁ་མི་འབྱུང་བའི་ཆེད་དུ། སི་རི་ཡའི་སྲིད་གཞུང་དམག་གིས་མཁའ་ཟོན་དང་གློག་རྡུལ་འཐབ་མོའི་མཚོན་ཆ་མ་བཀོལ་བ་དང་། ཏ་མ་སི་ཁོའི་འཕུར་སྐྱོད་བཀོད་འདོམས་པས་འགྲུལ་སྐྱེལ་གནམ་གྲུ་ཉེན་ཁ་ཆེ་ས་དང་འབྲལ་དུ་བཅུག་ཟེར།

ཨུ་རུ་སིའི་ཚགས་པར་ཞིག་གི་སྟེང་ཚེས་ཉེར་བདུན་ཉིན་བཀོད་པའི་གནས་ཚུལ་ལྟར་ན། སི་རི་ཡའི་མཁའ་ཟོན་དམག་གིས་ཨུ་རུ་སིའི་རང་འགུལ་ཚོད་འཛིན་མ་ལག་ལ་བརྟེན་ནས་དབྱི་སི་རལ་གྱི་མཁའ་དམག་གི་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་ལ་རྒོལ་ལན་སྤྲོད་ཐུབ་པ་བྱུང་ལ། དེ་ནི་སི་རི་ཡའི་དམག་དཔུང་གིས་ཐོག་དང་པོར་མཁའ་ཟོན་མཚོན་ཆའི་རང་འགུལ་ཚོད་འཛིན་མ་ལག་བཀོལ་ནས་བར་སྣང་འཇབ་རྒོལ་ལ་རྒོལ་ལན་སྤྲད་པ་རེད་ཟེར། དབྱི་སི་རལ་གྱིས་བར་སྣང་ནས་འཇབ་རྒོལ་བྱས་པ་དེར་ཨུ་རུ་སི་ཕྱོགས་ཁོང་ཁྲོ་ཆེན་པོ་ལངས་པ་དང་། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་དབྱི་སི་རལ་གྱིས་སི་རི་ཡ་ལ་བར་སྣང་ནས་འཇབ་རྒོལ་བྱས་པར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། དབྱི་སི་རལ་གྱི་བྱ་སྤྱོད་དེས་སི་རི་ཡའི་བདག་དབང་ལ་གནོད་པ་ཚབས་ཆེན་བསྐྱལ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།