ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གིས་སྔོན་རྩིས་བསྒྱུར་ནས་ཨ་མེ་རི་ཁའི་བཀག་སྡོམ་ལ་ཁ་གཏད་འཇལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་ཡིས་ཚེས་ཉེར་ལྔ་ཉིན་དབྱི་ལང་གྲོས་ཁང་ལ་ལོ་གསར་པའི་རྒྱལ་ཁབ་སྔོན་རྩིས་སྤྲད་པ་དང་། སྔོན་རྩིས་ཀྱི་འགྲོ་གྲོན་སྤྱི་གྲངས་མི་དམངས་ཤོག་སྒོར་བྱེ་བ་བཞི་དང་ས་ཡ་བདུན་རེད། འདི་ནི་ཨ་མེ་རི་ཁས་ཡང་བསྐྱར་དབྱི་ལང་ལ་བཀག་སྡོམ་བྱས་རྗེས། དབྱི་ལང་གིས་བསྒྲགས་པའི་རྒྱལ་ཁབ་ཀྱི་སྔོན་རྩིས་ཐོག་མ་རེད། ལུའུ་ཧ་ཉི་ཡིས་བསྟན་དོན། ཨ་མེ་རི་ཁས་དབྱི་ལང་ལ་ཁ་གཏད་པའི་བཀག་སྡོམ་གྱིས་དབྱི་ལང་གི་དཔལ་འབྱོར་འཕར་སྣོན་དང་རྒྱལ་དམངས་ཀྱི་འཚོ་བར་གནོད་པ་བཟོས་ཡོད་མོད། ཡིན་ནའང་དབྱི་ལང་སྲིད་གཞུང་གིས་དེར་མགོ་གཏན་ནས་སྒུར་མི་སྲིད་ཟེར།

ཧྥ་རན་སིའི་གསར་འགྱུར་ཁང་གིས་ཚེས་ཉེར་ལྔ་ཉིན་བསྒྲགས་རྒྱུར། ལུའུ་ཧ་ཉི་ཡིས་ཉིན་དེར་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས་ཨ་མེ་རི་ཁས་དབྱི་ལང་གི་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་མཚམས་བཞག་པར་བ་མ་ཟད། ཡང་བསྐྱར་དབྱི་ལང་ལ་བཀག་སྡོམ་བྱས་པས། དབྱི་ལང་གནོན་ཤུགས་ལ་འཕྲད་ཡོད། ན་ནིང་དབྱི་ལང་གི་དཔལ་འབྱོར་གནད་དོན་ཁ་ཤས་དང་འཕྲད་མྱོང་། དབྱི་ལང་གི་དཔལ་འབྱོར་འགྲན་རྩོད་དང་འཕྲད་ཡོད་ནའང་། ཨ་མེ་རི་ཁས་དབྱི་ལང་ལ་མགོ་སྒུར་དུ་འཇུག་པའི་ལྐོག་གཡོ་དེ་འགྲུབ་མི་སྲིད་ཅེས་བཤད་ཟེར། ལུའུ་ཧ་ཉི་ཡིས་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལང་ལ་གདུག་རྩུབ་ཀྱི་བྱེད་ཐབས་སྤྱད་པས། དབྱི་ལང་གིས་ལོ་གསར་པའི་སྔོན་རྩིས་ལེགས་སྒྱུར་བྱས་ཏེ། ཚད་ཆེས་མཐོ་བའི་སྒོ་ནས་མང་ཚོགས་ཀྱི་ཁེ་ཕན་ལ་འགན་སྲུང་བྱས་ཡོད་ཟེར།

ལུའུ་ཐི་གསར་འགྱུར་ཁང་གིས་ཚེས་ཉེར་ལྔ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ལུའུ་ཧ་ཉི་ཡིས་བཤད་པའི་སྔོན་རྩིས་གཙོ་བོ་ལས་དབྱི་ལང་གི་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་ཁབ་སྔོན་རྩིས་ཀྱི་སྤྱིའི་འགྲོ་གྲོན་དབྱི་ལང་གི་སྒོར་མོ་དུང་ཕྱུར་བྱེ་བ་བཞི་དང་ས་ཡ་བདུན་ཡིན་ལ། དབྱི་ལང་གིས་སང་ལོར་རྒྱལ་ཁབ་ཀྱི་སྤྱི་ཞབས་པར་གླ་ཕོགས་བརྒྱ་ཆའི་ཉི་ཤུ་སྣོན་རྒྱུ་ཡིན་པར་མ་ཟད། ཨ་སྒོར་དུང་ཕྱུར་བརྒྱ་དང་བཞི་བཅུའི་སྔོན་རྩིས་དེ་མང་ཚོགས་ཀྱི་ཁེ་ཕན་ཐད་གཏོང་རྒྱུ་ཡིན་ཞིང་། དེའི་ནང་དུ་རིན་གོང་དམའ་མོའི་ཟས་རིགས་དང་སྨན་རྫས་སོགས་འཚོ་བའི་ཉེར་མཁོ་དངོས་རྫས་འདུ་བ་དང་། དེས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་རྒྱུ་རེད། ཡིན་ནའང་སྔོན་རྩིས་གསར་པའི་ནང་དུ་དབྱི་ལང་གིས་སང་ལོར་རྡོ་སྣུམ་ཅི་ཙམ་ཕྱིར་འཚོང་བྱེད་རྒྱུ་ཡིན་པ་གསལ་པོར་བཤད་མེད། ཨ་རིའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཨ་མེ་རི་ཁས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་མཚམས་བཞག་པ་ཁྱབ་བསྒྲགས་མ་བྱས་གོང་། དབྱི་ལང་གིས་ཉིན་རེར་རྡོ་སྣུམ་ཟོ་བ་ས་ཡ་གཉིས་དང་འབུམ་ལྔ་ཙམ་ཕྱིར་གཏོང་བྱེད་བཞིན་ཡོད། དབྱེ་ཞིབ་མི་སྣས་བཤད་རྒྱུར། ཉིས་སྟོང་བཅུ་དགུ་ལོར་དབྱི་ལང་གིས་རྡོ་སྣུམ་ཕྱིར་གཏོང་བྱེད་ཚད་ཧ་ཅང་ཇེ་ཉུང་དུ་འགྲོ་ངེས་ཟེར།

གསར་འགྱུར་ལས་ཁུངས་ཀྱིས་བཤད་རྒྱུར། ལུའུ་ཧ་ཉི་སྲིད་གཞུང་གིས་དབྱི་ལང་ཉིང་རྡུལ་གྲོས་ཆོད་བརྒྱུད་དེ་ནུབ་ཕྱོགས་རྒྱལ་ཁབ་བར་འགྲིག་མཐུན་བྱེད་འདོད་ཡོད་མོད། ཡིན་ནའང་ཐི་ལང་ཕུའུ་སྲིད་གཞུང་གི་སྲིད་ཇུས་ཀྱིས་དབྱི་ལང་གི་འགྲོ་ལམ་བཀག་སྟེ། དབྱི་ལང་རང་ཁ་རང་གསོའི་འགོག་རྒོལ་དཔལ་འབྱོར་གྱི་ལམ་དུ་མི་བསྐྱོད་ཐབས་མེད་བྱུང་ཟེར། ཧྥ་རན་སིའི་གསར་འགྱུར་ཁང་གིས་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་མཚམས་བཞག་རྗེས། དབྱི་ལང་གི་སྒོར་མོ་རིན་གོང་ཕྱེད་ཀ་མར་བབས་ལ། རྒྱལ་ཁབ་ཀྱིས་ཕྱི་དངུལ་གསོག་ཚད་ཕལ་ཆེར་ཐིག་ལེའི་ཚད་དུ་སླེབས། ཨ་མེ་རི་ཁའི་བཀག་སྡོམ་གནོན་ཤུགས་ཀྱི་མདུན་ནས། དབྱི་ལང་གིས་བྱེད་ཐབས་སྤྱད་དེ་དཀའ་ངལ་ལས་ཐར་རྩིས་བྱས་ན་ཡང་། རྒྱལ་ཁབ་དེས་དངུལ་རྩ་གཏན་འཇགས་མིན་པ་དང་། དངུལ་ཁང་ལས་རིགས་ཀྱི་སྣང་ཚུལ་མི་ལེགས་པའི་དངུལ་བུན་བསྐྱི་ཚད་ཇེ་མཐོར་འགྲོ་བ། ད་དུང་རྡོ་སྣུམ་ཐོན་ལས་ལ་བརྟེན་ཚད་དྲགས་པ་སོགས་ཀྱི་གནས་བབ་ཚབས་ཆེན་བསྒྱུར་འདོད་ཚེ། ངེས་པར་དུ་འབད་བརྩོན་ཆེན་པོ་བྱེད་དགོས་པའང་མངོན་གསལ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།