ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་གིས་མུ་མཐུད་དུ་དབྱི་ལིང་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་ཉི་ཤུའི་ཉིན་རྒྱལ་ས་ཨན་ཁཱ་ལཱ་ནས་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་དང་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་སྐབས་བསྟན་དོན། ཨ་མེ་རི་ཁས་དབྱི་ལིང་ལ་བཀག་སྡོམ་བྱས་པ་ལས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་གཏོར་བརླག་བྱས་ཡོད་ལ། ཐུར་ཁེ་ཡིས་མུ་མཐུད་དུ་དབྱི་ལིང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ཐུར་ཁེ་ཡིས་ཨ་མེ་རི་ཁས་དབྱི་ལིང་ལ་ཕྱོགས་གཅིག་ནས་བཀག་སྡོམ་བྱེད་པར་རྒྱབ་སྐྱོར་མི་བྱེད་པ་དང་། བཀག་སྡོམ་བྱེད་ཐབས་དེ་དྲང་བདེན་མིན་ལ། དབུས་ཤར་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་འཇིགས་ཉེན་ཐེབས་སྲིད། ཐུར་ཁེ་དང་དབྱི་ལིང་གིས་མཉམ་དུ་འབད་བརྩོན་བྱས་ཏེ། ས་ཁུལ་གྱི་འཁྲུག་རྩོད་མཇུག་སྒྲིལ་བ་དང་ས་ཁུལ་གྱི་ཞི་བདེ་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 

ཁོས་ད་རུང་བསྟན་དོན། ཐུར་ཁེ་དང་དབྱི་ལིང་གིས་སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་བྱས་ནས། ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་དེ་མིག་སྔའི་མེ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་ནས་མེ་སྒོར་ཐེར་ཆེན་གསུམ་དུ་འཕར་སྣོན་འབྱུང་བར་འབད་རྒྱུ་ཡིན་ཟེར། 

ལུའུ་ཧཱ་ནེ་ཡིས་བཤད་རྒྱུར། དབྱི་ལིང་དང་ཐུར་ཁེ། ཨུ་རུ་སི་བཅས་རྒྱལ་ཁབ་གསུམ་གྱིས་སི་རི་ཡཱའི་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་པ་དང་། སི་རི་ཡཱའི་ལས་དབང་དེ་སི་རི་ཡཱའི་མི་དམངས་ཀྱིས་ཐག་གཅོད་བྱེད་དགོས་པའི་འདོད་བློ་བཏོན་ཡོད། དེ་བས་རྒྱལ་ཁབ་གསུམ་གྱིས་མུ་མཐུད་དུ་ཨ་སི་ཐཱ་ནཱའི་ཞི་བའི་གྲོས་མོལ་འཕེལ་རིམ་ལ་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར། 

ཉིན་དེར་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཨན་ཁཱ་ལཱ་ནས་ཐུར་ཁེ་དང་དབྱི་ལིང་གི་མཐོ་རིམ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས་པ་དང་། ཕྱོགས་གཉིས་ཀྱི་དཔོན་རིགས་ཀྱིས་འཕྲོད་བསྟེན་དང་ཕྱི་འབྲེལ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་གྲོས་མཐུན་བཀོད། དེའི་རྗེས་སུ་ཕྱོགས་གཉིས་ཀྱིས་ད་རུང་ཐུར་ཁེ་དང་དབྱི་ལིང་གི་ཚོང་ལས་གླེང་སྟེགས་སྤེལ་བ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།