ཀྲུང་གོ་བོད་ཀྱི་དྲ་བ།

ཧཱ་མཱ་སི་ཡིས་ཕཱ་ལེ་སི་ཐན་གྱི་གཅིག་གྱུར་སླར་གསོ་བྱེད་པར་འབད་བརྩོན་ཆེན་པོ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཆབ་སྲིད་ཅུའི་མགོ་ཁྲིད་པ་ཧཱ་ནེ་ཡཱ་ཡིས་ཚེས་བཅུ་དྲུག་ཉིན་ཅཱ་ཧྲ་ས་ཁུལ་ནས་བཤད་རྒྱུར། ཧཱ་མཱ་སི་ཡིས་ཕཱ་ལེ་སི་ཐན་གྱི་གཅིག་གྱུར་སླར་གསོ་བྱེད་པར་འབད་བརྩོན་ཆེན་པོ་བྱེད་འདོད་ཡོད་ཟེར། 

ཉིན་དེར་ཧཱ་མཱ་སི་ཡིས་ཅཱ་ཧྲའི་མཁར་ནས་གཞི་རྒྱ་ཆེ་བའི་འདུ་ཚོགས་བསྡུས་ཏེ་ཚོགས་པ་དེ་བཙུགས་ནས་ལོ་ངོ་སོ་གཅིག་འགོར་བར་རྗེས་དྲན་བྱས་པ་དང་། མི་ཁྲི་ཕྲག་འགའ་འདུ་ཚོགས་ལ་ཞུགས། 

ཧཱ་ནེ་ཡཱ་ཡིས་འདུ་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། ཧཱ་མཱ་སི་ཡིས་ཕཱ་ལེ་སི་ཐན་གྱི་གཅིག་གྱུར་སླར་གསོ་བྱེད་པར་འབད་བརྩོན་ཆེན་པོ་བྱེད་འདོད་ཡོད་པ་དང་། ཕཱ་ལེ་སི་ཐན་ནང་ཁུལ་དུ་དྲིལ་ཤུགས་ཆེན་པོ་ཆགས་སུ་བཅུག་སྟེ། མི་རིགས་མཐུན་སྒྲིལ་སྲིད་གཞུང་རྩ་འཛུགས་བྱེད་དགོས་ཟེར། ཁོས་བཤད་རྒྱུར། ཧཱ་མཱ་སི་ཡིས་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་འདེམ་བསྐོ་དང་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གི་འདེམ་བསྐོ་ལ་གྲ་སྒྲིག་བྱས་ཡོད་ཟེར། 

ཧཱ་ནེ་ཡཱ་ཡིས་ཕཱ་ལེ་སི་ཐན་ནང་ཁུལ་དུ་ཐུན་མོང་ལྟ་ཚུལ་ཆགས་པར་བྱས་ཏེ། ཕཱ་ལེ་སི་ཐན་གྱི་ལས་དོན་ཆེད་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་ཤིག་གཏན་འབེབས་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་སོ་སོའི་རྒྱལ་ཁབ་ཕྱི་ནང་གི་མགོ་ཁྲིད་པ་ཚང་མ་ཞུགས་པའི་བྲེལ་མྱུར་གྲོས་ཚོགས་ཤིག་བསྡུས་ནས། ཕཱ་ལེ་སི་ཐན་ལས་དོན་གྱི་ད་ལྟའི་གནས་ཚུལ་ལ་གྲོས་བསྡུར་བྱས་ནས་མ་འོངས་པའི་འགུལ་སྐྱོད་འཆར་གཞི་གཏན་འབེབས་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཁོས་བཤད་རྒྱུར། ཁོས་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་མཉམ་དུ་ཅཱ་ཧྲ་ས་ཁུལ་དང་ཁེ་རོ་སོགས་ས་ཁུལ་གང་རུང་ནས་གྲོས་མོལ་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།