ཀྲུང་གོ་བོད་ཀྱི་དྲ་བ།

ཁཱ་ཐར་གྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱིས་བཀག་སྡོམ་མེད་པར་གཏོང་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁཱ་ཐར་གྱི་ཕྱི་འབྲེལ་བློན་ཆེན་མུའུ་ཧན་མའོ་ཏི་ཡིས་ཚེས་བཅོ་ལྔ་ཉིན་ཏའོ་ཧཱ་གླེང་སྟེགས་སྟེང་བཤད་རྒྱུར། ཁཱ་ཐར་གྱིས་སྔར་བཞིན་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་ལ་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱེད་བཞིན་ཡོད་ཀྱང་། ས་ཁུལ་གྱི་རྩ་འཛུགས་དེར་བཅོས་བསྒྱུར་བྱེད་དགོས་པ་དང་། ཁོངས་གཏོགས་རྒྱལ་ཁབ་ཚང་མས་ནང་ཁུལ་གྱི་སྒྲིག་སྲོལ་ལྟར་དོན་དག་བསྒྲུབ་དགོས་ཟེར། 

མུའུ་ཧན་མའོ་ཏི་ཡིས་བཤད་རྒྱུར། ཁཱ་ཐར་ཕྱོགས་ཀྱིས་བལྟས་ན་ཁེར་རྐྱང་གིས་འབད་འཐབ་བྱེད་པ་ལས་མཚོ་ཁུགས་ཨ་རབ་རྒྱལ་ཁབ་དག་ཐུན་མོང་གཅིག་ཏུ་བྱས་ན་ཤུགས་རྐྱེན་སྔར་ལས་ཆེན་པོ་འབྱུང་སྲིད་ཀྱང་། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་དེ་ཐུན་མོང་ཞིག་ཡིན་པའི་ཆ་ནས་མིག་སྔར་དོན་དངོས་ནུས་པ་འདོན་ཐབས་མེད་པ་དང་། རང་སྟེང་གི་རྐྱེན་སྲོལ་ལ་བརྟེན་ནས་ནང་ཁུལ་གྱི་འགལ་བ་དང་རྩོད་གླེང་ཞི་འཇགས་སུ་གཏོང་ཐུབ་མེད་ཟེར། 

ཁཱ་ཐར་གྱིས་སྔོན་ཆད་ཐེངས་མང་བོར་མངོན་ལྐོག་གཉིས་ནས་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་དེ་སོ་ཏི་ཨ་རབ་ཀྱིས་ས་ཁུལ་ལས་དོན་ལ་ཚོད་འཛིན་བྱེད་པའི་ཡོ་བྱད་ལྟ་བུར་གྱུར་ཡོད་པར་སྐྱོན་འཛུགས་བྱས་མྱོང་ཟེར། 

ཏའོ་ཧཱའི་གླེང་སྟེགས་ལ་ཞུགས་པའི་རོ་མཱ་ནི་ཡཱའི་ཕྱི་འབྲེལ་བློན་ཆེན་མེ་ལེ་ཧྲི་ཁཱ་ནོའུ་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། རོ་མཱ་ནི་ཡཱ་ཡིས་སང་ལོའི་ཟླ་བཞི་བར་རྒྱལ་ས་པུའུ་ཅཱ་ལེ་སི་ཐི་ནས་གྲོས་ཚོགས་བསྡུས་ཏེ། ཡོ་རོབ་གླིང་མནའ་འབྲེལ་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གིས་ཐད་ཀར་གྲོས་མོལ་བྱས་ཏེ། ཁཱ་ཐར་བར་གྱི་འབྲེལ་ཐག་བཅད་པའི་ཉམས་ཉེན་ཞི་འཇགས་སུ་གཏོང་བའི་བྱེད་ཐབས་འཚོལ་ཞིབ་བྱེད་རྒྱུའི་འཆར་གཞི་ཡོད་ཟེར། རོ་མཱ་ནི་ཡཱ་ཡིས་སང་ལོའི་ཟླ་དང་པོ་ནས་བཟུང་ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་འགན་ཁུར་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།