ཀྲུང་གོ་བོད་ཀྱི་དྲ་བ།

སྐོར་ཐེངས་གསར་བའི་ཡེ་མིན་ཞི་བའི་གྲོས་མོལ་སུའེ་ཏེན་ནས་མཇུག་སྒྲིལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20181214085540S4gf.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། སུའེ་ཏེན་གྱི་སི་ཏི་ཀི་ཨར་མའོ་ནས། ཡེ་མིན་ཕྱི་འབྲེལ་བློན་ཆེན་ཡེ་མཱ་ནེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སིའི་བདེན་དཔང་འོག་ཧུའུ་སེ་དྲག་ཆས་པའི་འཐུས་མི་དང་ལག་འཇུ་བྱེད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མགོ་འཛིན་བྱས་པའི་སྐོར་ཐེངས་གསར་བའི་ཡེ་མིན་ཞི་བའི་གྲོས་མོལ་དེ་ཚེས་བཅུ་གསུམ་ཉིན་སུའེ་ཏེན་ནས་མཇུག་སྒྲིལ། ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པའི་འཐུས་མིས་གྲོས་གཞི་མང་བོར་གྲོས་མཐུན་བཀོད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཉིན་དེའི་ཞི་བའི་གྲོས་མོལ་མཇུག་སྒྲིལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས་སྐབས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཧི་ཐེ་ཏཱའི་འཁྲུག་ཁྲོད་ཚད་ངེས་ཅན་གྱི་འཁྲུག་རྩོད་མཚམས་འཇོག་པར་གྲོས་མཐུན་བྱུང་ཡོད་པ་དང་། དེས་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་སྒོ་འབྱེད་བྱེད་པར་རྨང་གཞི་གཏོང་ཐུབ་པའི་རེ་བ་བཅངས་ཡོད། ཞི་བའི་གྲོས་མོལ་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། དེས་ཡེ་མིན་གྱི་མི་ས་ཡ་མང་བོའི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་ཐུབ་ཟེར། 

ཀུའུ་ཐི་ལོས་སི་ཡིས་གྲོས་མོལ་ཕྱོགས་ཁག་གཉིས་ཀྱིས་འབད་བརྩོན་བྱས་པར་བཀའ་དྲིན་ཞུས། ཞོར་དུ་ཁོས་ནན་གྱིས་བསྟན་དོན། སྔར་བཞིན་གནད་དོན་མང་བོ་ཐག་གཅོད་བྱེད་དགོས་ཟེར། གྲོས་མོལ་ཕྱོགས་ཁག་གཉིས་ཀྱིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོའི་ཟླ་མཇུག་ལ་མུ་མཐུད་དུ་གྲོས་མོལ་བྱེད་པར་འཐད་པ་བྱུང་། 

སུའུ་ཏེན་གྱི་ཕྱི་འབྲེལ་བློན་ཆེན་ཝ་ཨར་སི་ཐི་ལོན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་མོལ་ཕྱོགས་ཁག་གཉིས་ཀྱི་གྲོས་མོལ་ལ་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་ཟབ་ཏུ་བཏང་ཡོད། དེ་ཡེ་མིན་དང་མཉམ་འབྲེལ་རྒྱལ་ཚོགས་གང་ལ་མཚོན་ནའང་ཆེས་བཟང་བའི་ཉིན་མོ་ཞིག་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།