ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་ཙུང་ལི་ཡིས་ཀྲིན་ཀྲུའུ་ཏང་གི་རྒྱལ་ཁོངས་བརྒལ་བའི་ས་འོག་ཕུག་ལམ་གཏོར་བའི་འགུལ་སྐྱོད་ཐད་ནས་ཨུ་རུ་སིའི་ཙུང་ཐུང་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེར་ཙུང་ལི་ནེ་ནཱ་ནི་ཡཱ་ཧུའུ་ཡིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་གཏོང་སྐབས། ཕུའུ་ཅིན་ལ་ཀྲིན་ཀྲུའུ་ཏང་གི་རྒྱལ་ཁོངས་བརྒལ་བའི་ས་འོག་ཕུག་ལམ་གཏོར་བར་དམིགས་པའི་འགུལ་སྐྱོད་ཀྱི་གནས་ཚུལ་གསར་བ་དང་དབྱི་སི་རལ་གྱིས་ས་འོག་ཕུག་ལམ་གྱི་འཇིགས་ཉེན་སེལ་བའི་ཆོད་སེམས་ཞིབ་ཏུ་གསལ་བཤད་བྱས་ཡོད། 

གསལ་སྒྲོག་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་དང་ཕུའུ་ཅིན་གྱིས་ཕྱོགས་གཉིས་ཀྱི་བདེ་འཇགས་མི་སྣས་མི་འགྱངས་པར་གྲོས་ཚོགས་བསྡུས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་གྲོས་མོལ་གནད་དོན་ཐད་ནས་མཐུན་སྦྱོར་བྱེད་པར་འཐད་པ་བྱུང་། 

ཕུའུ་ཅིན་གྱིས་ནེ་ཐཱ་ནི་ཡཱ་ཧུའུ་དང་ཁ་པར་གྲོས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། ཨུ་རུ་སི་དང་དབྱི་སི་རལ་གྱི་དམག་དོན་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་པའི་དགོས་པ་ཡོད་ཟེར། ཕུའུ་ཅིན་གྱིས་ད་རུང་བསྟན་དོན། ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་བརྩི་སྲུང་ནན་མོ་བྱས་ཏེ། དབྱི་སི་རལ་དང་ལེ་པཱ་ནུན་གྱི་མཐའ་མཚམས་ས་ཁུལ་གྱི་གཏན་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།