ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨུ་རུ་སི་དང་ཐུར་ཁེ་ཡིས་མུ་མཐུད་དུ་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་དམག་དོན་མིན་པའི་ས་ཁུལ་གྱི་འཛུགས་སྐྲུན་ལ་ཡར་སྐུལ་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་གཉིས་ཉིན་བསྟན་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅུ་གསུམ་པའི་སྐབས་སུ་གྲོས་མོལ་བྱེད་སྐབས་བསྟན་དོན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་དེའི་སྔོན་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་དུ་དམག་དོན་མིན་པའི་ས་ཁུལ་འཛུགས་པའི་གནད་དོན་ཐད་ནས་བཀོད་པའི་གྲོས་མཐུན་བརྩི་སྲུང་བྱས་ཤིང་། བྱེད་ཐབས་སྤྱད་དེ་དམག་དོན་མིན་པའི་ས་ཁུལ་གྱི་འཛུགས་སྐྲུན་ལ་ཡར་སྐུལ་གཏོང་དགོས་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཨ་ཀིན་ཐེན་གྱི་པུའུ་དབྱེ་ནོའུ་སི་ཨེ་ལེ་སི་ནས་བཤད་རྒྱུར། ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་གྲོས་མོལ་བྱེད་སྐབས་བལྟས་ན། མིག་སྔར་ཐུར་ཁེ་ཕྱོགས་ཀྱིས་རྒྱུན་མཐུད་ཀྱི་འགུལ་སྐྱོད་གང་ལེགས་སྤེལ་བཞིན་ཡོད་ཀྱང་། དྲག་ཆས་ཉེས་ཅན་ཚང་མས་སྤྱི་ལེ་ཉི་ཤུ་ལྷག་ཡོད་པའི་དམག་དོན་མིན་པའི་ས་ཁུལ་འཛུགས་པའི་གྲོས་མཐུན་དེ་བརྩི་སྲུང་བྱེད་བཞིན་མེད། དོན་དེའི་ཐད་ནས་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་སྔོན་བཀོད་པའི་གྲོས་མཐུན་བརྩི་སྲུང་བྱེད་རྒྱུ་མ་ཟད། ཞོར་དུ་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་དྲག་ཆས་ཉེས་ཅན་དག་གིས་གྲོས་མཐུན་དེར་གཏོར་བརླག་གཏོང་བར་སྔོན་འགོག་བྱེད་དགོས་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། སི་རི་ཡཱའི་གནད་དོན་ཐད་ནས་ནུབ་ཕྱོགས་རྒྱལ་ཁབ་དག་ལ་ད་ལྟའི་བར་ཐག་གཅོད་ཇུས་གཞི་མངོན་གསལ་ཞིག་མེད། མིག་སྔར་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་། ཡུལ་གྱར་བ་ཕྱིར་རང་གི་ཕ་ཡུལ་དུ་ལོག་པར་ཆ་རྐྱེན་བསྐྲུན་པ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ། ཆབ་སྲིད་འཕེལ་རིམ་ལ་ཡར་སྐུལ་གཏོང་བའི་གནས་ཚུལ་བཟང་བོའི་འོག ཨུ་རུ་སིའི་ཕྱོགས་ཀྱིས་ཨ་སི་ཐཱ་ནཱའི་འཕེལ་རིམ་ལས་ལྷག་པའི་ཕན་ནུས་ལྡན་པའི་ཇུས་གཞི་གཞན་ཞིག་མཐོང་མེད་ཟེར། 

ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་རྒྱལ་ཁབ་གསུམ་གྱིས་ན་ནིང་ལོ་མགོར་ཨ་སི་ཐཱ་ནཱའི་འཕེལ་རིམ་ལག་བསྟར་བྱེད་མགོ་བརྩམས་པ་དང་། རྒྱལ་སྤྱིའི་གྲོས་ཚོགས་ཐེངས་མང་སྤེལ་བར་མ་ཟད། ཉིས་སྟོང་བཅུ་བདུན་ལོའི་ཟླ་དགུ་བར་སི་རི་ཡཱ་ནས་འཁྲུག་རྩོད་ཞི་འཇགས་སུ་གཏོང་བའི་ས་ཁུལ་བཞི་འཛུགས་རྒྱུ་ཐག་བཅད་པ་རེད། །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།