ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁཱ་ཐའོ་ཝེ་ཙི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་ཚོགས་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐོར་ཐེངས་གསར་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་ཚེས་གཉིས་ཉིན་ཕོ་ལན་གྱི་ཁཱ་ཐའོ་ཝེ་ཙི་ནས་ཚོགས་མགོ་བརྩམས། རྒྱལ་ཁབ་ཉིས་བརྒྱ་ཙམ་གྱི་འཐུས་མིས་མ་འོངས་པའི་གཟའ་འཁོར་གཉིས་ཀྱི་ནང་ཕཱ་རེ་སིའི་གྲོས་ཆོད་ཀྱི་ལག་བསྟར་སྒྲིག་སྲོལ་ཐད་ནས་གྲོས་མོལ་བྱེད་རྒྱུ་རེད། 

ཐེངས་འདིའི་གྲོས་ཚོགས་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་དག་གི་གྲོས་ཚོགས་ཐེངས་ཉེར་བཞི་བ་དང་། ཅིན་ཏུའུ་གྲོས་ཆོད་ཡི་གེ་བཀོད་པའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཐེངས་བཅུ་བཞི་བ། ཕཱ་རེ་སིའི་གྲོས་ཆོད་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐོག་མའི་དུས་རིམ་གསུམ་པའི་གྲོས་ཚོགས་སོགས་འབྲེལ་ཡོད་བྱ་འགུལ་མང་བོ་སྤེལ་རྒྱུ་རེད། ཐེངས་འདིའི་གྲོས་ཚོགས་ཀྱི་དམིགས་འབེན་གཙོ་བོ་ཞིག་ནི་ཕཱ་རེ་སིའི་གྲོས་ཆོད་ཀྱི་ལག་བསྟར་སྒྲིག་སྲོལ་གྱི་གྲོས་མོལ་ཡོངས་འགྲུབ་བྱེད་རྒྱུ་དེ་རེད། 

ཕོ་ལན་གྱི་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གཞོན་པ་ཁུའུ་ཨར་ཏིས་ཁཱ་ཡིས་ཧྥེ་ཅིའི་ཙུང་ལི་མུའུ་པེད་ནེ་མཱ་ལཱ་མཱ་ཡི་ཚབ་ཏུ་སྐབས་འདིའི་ནམ་ཟླའི་འགྱུར་ལྡོག་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་བ་དང་། ཁུའུ་ཨར་ཏིས་ཁཱ་ཡིས་བཤད་རྒྱུར། མ་འོངས་པའི་གཟའ་འཁོར་གཉིས་ཀྱི་དུས་ཚོད་ནང་། ཕྱོགས་སོ་སོས་གསར་གཏོད་ནུས་པ་དང་བབ་བསྟུན་གྱི་རང་གཤིས་མངོན་པར་བྱས་ཤིང་། ལུགས་མཐུན་གྱིས་དུས་ཚོད་བེད་སྤྱོད་བྱས་ཏེ། རེ་བསྙེག་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་དུ་འཇུག་དགོས་ཟེར། 

ཕཱ་རེ་སིའི་གྲོས་ཆོད་ལྟར་ན། ཕྱོགས་སོ་སོས་རང་བདག་གིས་བྱས་རྗེས་འཇོག་པའི་ཐབས་ཀྱིས་མཉམ་དུ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་པ་དང་། དམིགས་འབེན་ནི་འཛམ་གླིང་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་འཕར་ཚད་བཟོ་ལས་ཅན་གྱི་སྔ་རོལ་ཆུ་ཚད་ལས་དྲོད་གྲངས་གཅིག་དང་གྲངས་ཆུང་ལྔའི་ནང་ཚོད་འཛིན་བྱེད་རྒྱུ་དེ་ཡིན་པ་རེད། 

ཐེངས་འདིའི་ཚོགས་ཆེན་གྱི་མཐོ་རིམ་གྲོས་ཚོགས་དེ་ཚེས་གསུམ་ཉིན་ནས་སྤེལ་མགོ་རྩོམ་རྒྱུ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་སོགས་གྲོས་ཚོགས་ལ་ཞུགས་རྒྱུ་རེད། །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།