ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཡེ་མིན་དུ་སོང་ནས་མི་ཆོས་རིང་ལུགས་ཀྱི་གནས་བབ་ལ་རྒྱུས་ལོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་ཀློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལོ་ཁི་ཁི་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན་ཡེ་མིན་སཱ་ནཱ་རུ་འབྱོར། ཁོས་བསྟན་དོན། རང་གི་ཐེངས་འདིའི་འགྲུལ་བཞུད་ནི་ཡེ་མིན་མིག་སྔའི་མི་ཆོས་རིང་ལུགས་ཀྱི་གནས་བབ་དང་དེར་སྤྱོད་པའི་ཐག་གཅོད་བྱེད་ཐབས་ལ་རྒྱུས་ལོན་བྱེད་ཆེད་ཡིན་ཟེར། 

ལོ་ཁི་ཁི་སཱ་ནཱ་རུ་འབྱོར་རྗེས་གནམ་གྲུ་ཐང་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། རྗེས་ཕྱོགས་ཀྱི་ཉིན་གསུམ་ནང་། ཁོས་ཡུལ་དངོས་ནས་མིག་སྔར་ཡེ་མིན་གྱི་མདུན་དུ་ལྷགས་པའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཚབས་ཆེན་དང་། འབྲེལ་ཡོད་མི་སྣས་ཡེ་མིན་མི་དམངས་ཀྱི་དཀའ་ཁག་ཚད་ལས་བརྒལ་བའི་གནས་ཚུལ་འོག་གི་དཀའ་སྡུག་ཞི་འཇགས་སུ་གཏོང་བར་སྤྱད་པའི་རོགས་སྐྱོར་བྱེད་ཐབས་ལ་རྒྱུས་ལོན་བྱེད་རྒྱུ་ཡིན་ཟེར། 

ཁོས་བཤད་རྒྱུར། ཁོའི་ཐེངས་འདིའི་འགྲུལ་བཞུད་དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཡི་ཞི་བདེ་བརྩོན་ལེན་གྱི་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། ཡེ་མིན་དུ་འཁྲུག་རྩོད་མཚམས་འཇོག་པར་རྒྱབ་སྐྱོར་བྱེད་པའི་ཆེད་དུ་ཡིན་ཟེར། 

ལོ་ཁི་ཁི་ཡིས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་བར་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། སཱ་ནཱ་ལས་གཞན་ཁོ་ད་རུང་ཡེ་མིན་གྱི་གནས་སྐབས་རྒྱལ་ས་ཡཱ་ཏེན་དུ་འགྲོ་རྒྱུ་རེད། 

ལོ་ཁི་ཁི་ཡིས་ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན་ཉེན་བརྡ་བཏང་སྟེ། ཡེ་མིན་ལ་ལྟོགས་སྐོམ་ཆེན་པོ་འབྱུང་སྲིད་པ་དང་། ཚོད་དཔག་བྱས་ན་མི་གྲངས་བྱེ་བ་གཅིག་དང་ས་ཡ་བཞིར་གནོད་པ་ཐེབས་སྲིད་ལ། ཡེ་མིན་སྤྱིའི་མི་གྲངས་ཀྱི་ཕྱེད་ཙམ་ཟིན་ཡོད་ཟེར། ཁོས་འབྲེལ་ཡོད་ཕྱོགས་སོ་སོས་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་དང་འཁྲུག་རྩོད་མཇུག་སྒྲིལ་བར་བརྩོན་ལེན་བྱས་ཏེ། ཟས་རིགས་དང་གནད་འགག་གི་དངོས་རྫས་སྐྱེལ་འདྲེན་བྱེད་པར་ཁག་ཐེག་བྱེད་པ་དང་། ཡེ་མིན་ཀྲུང་དབྱང་དངུལ་ཁང་ལ་ཕྱི་དངུལ་བཏང་ནས་དཔལ་འབྱོར་དཀའ་ཁག་ཞི་འཇགས་སུ་གཏོང་བའི་ཞོར་དུ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཐད་ཀྱི་དངུལ་གསོག་དང་རྒྱབ་སྐྱོར་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།