ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་བཅོ་བརྒྱད་ལོའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འགྲེམ་སྟོན་ཚོགས་འདུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིས་སྟོང་བཅོ་བརྒྱད་ལོའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འགྲེམ་སྟོན་ཚོགས་འདུ་ཚེས་ཉེར་བརྒྱད་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་སྤེལ་མགོ་བརྩམས། ཐེངས་འདིའི་འགྲེམ་སྟོན་ཚོགས་འདུའི་ཚོགས་ཡུན་ཉིན་གསུམ་ཡིན་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་བླངས་པའི་གྲུབ་འབྲས་འགྲེམ་སྟོན་བྱེད་རྒྱུ་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཇི་ལྟར་རྒྱ་བསྐྱེད་པར་གྲོས་བསྡུར་བྱེད་རྒྱུ་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཐད་ནས་བླངས་པའི་གྲུབ་འབྲས་ལ་གཟེངས་བསྟོད་བྱས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཐད་བཞག་པའི་བྱས་རྗེས་ཀྱི་ཚད་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་ཡོད་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་ཉོ་ཚོང་འབོར་གྲངས་འཛམ་གླིང་ཧྲིལ་བོའི་ཉོ་ཚོང་འབོར་གྲངས་ཀྱི་བཞི་ཆའི་གཅིག་ལས་བརྒལ་ཡོད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་སྣེ་ཁྲིད་པའི་གསར་གཏོད་རྣམ་པ་ཅན་གྱི་ཤེས་བྱ་མཉམ་སྤྱོད་དང་ཚན་རྩལ་བརྗེ་སྤོར་སོགས་ཀྱིས་མི་རྣམས་ཀྱི་འཚོ་བ་ལེགས་བཅོས་བྱས་ཡོད་ལ། དངུལ་ལོར་ལས་ཁུངས་གསར་བས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་རོགས་རམ་བྱེད་པ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལས་གཞི་གཏན་འབེབས་བྱེད་པར་རོགས་རམ་བྱས་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་ད་རུང་བསྟན་དོན། ཐེངས་འདིའི་འགྲེམ་སྟོན་ཚོགས་འདུ་ལས་འཕེལ་རྒྱས་ཁེ་ཕན་མཉམ་སྤྱོད་ཀྱི་ཐད་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྦས་ཤུགས་སྔོག་འདོན་བྱེད་རྒྱུ་ཡིན་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐད་ཀྱི་ཉམས་མྱོང་བཟང་བོ་མཉམ་སྤྱོད་བྱེད་རྒྱུ་རེད་ཟེར། 

སྐབས་དོན་གསུམ་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨེ་སི་ཕིས་ནོའུ་སཱ་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་བལྟས་ན། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་འབྲེལ་བ་དེ་ཆེས་བཟང་བའི་དུས་སྐབས་སུ་གནས་པ་དང་། ཁོ་མོ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་སྦས་ཤུགས་ལ་ཡིད་ཆེས་ཆེན་པོས་ཁེངས་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་མཉམ་ལས་ཀྱི་ཆེད་མངག་ཕོ་ཉ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་མཉམ་ལས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཆེ་ཏིས་ཁི་ཡིས་བསྟན་དོན། ཚོགས་ཞུགས་མཁན་དག་གིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་བླངས་པའི་གྲུབ་འབྲས་ལ་རྒྱུས་ལོན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ།་ལས་རྒྱ་བསྐྱེད་པར་གྲོས་བསྡུར་བྱེད་ཐུབ་པར་རེ་སྒུག་བྱས་ཡོད་ཟེར། 

ཐེངས་འདིའི་འགྲེམ་སྟོན་ཚོགས་འདུ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་གཞུང་སྒྲུབ་ཁང་གིས་སྣེ་ཁྲིད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་མཉམ་ལས་གྲོགས་པོ་དག་དང་མཉམ་འབྲེལ་གྱིས་སྤེལ་བ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་ཉི་ཤུ་ལྷག་གི་འཐུས་མི་བརྒྱད་བརྒྱ་དང་ལྔ་བཅུ་འགྲེམ་སྟོན་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།