ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཡིས་ཕཱ་ཁི་སི་ཐན་དང་རྒྱ་གར་གྱིས་ཕན་ཚུན་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་གྱི་ཙུང་ལི་དབྱེ་མུའུ་ལན་ཧན་གྱིས་ཚེས་ཉེར་བརྒྱད་ཉིན་བསྟན་དོན། ཕཱ་ཁི་སི་ཐན་དང་རྒྱ་གར་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ཀྱི་བཀག་རྒྱ་སེལ་ཅི་ཐུབ་བྱེད་པ་དང་། ཕན་ཚུན་གྱི་སྐྱོན་འཛུགས་མཚམས་བཞག་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་ཆེད་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་ལེགས་གབཅོས་བྱེད་དགོས་ཟེར། 

བསྒྲགས་པ་ལྟར་ན། དབྱི་མུའུ་ལན་ཧན་གྱིས་ཉིན་དེར་ཕཱ་ཁི་སི་ཐན་ཤར་ཕྱོགས་ཀྱི་ཕང་ཀྲི་ཕུའུ་ཞིང་ཆེན་གྱི་ནཱ་ལོ་ཝ་ཨར་ས་ཁུལ་དུ་ཕཱ་ཁི་སི་ཐན་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་སྐམ་སའི་མཐའ་མཚམས་རྒྱུ་ལམ་ལས་གཞི་མགོ་རྩོམ་པའི་མཛད་སྒོའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལོས་ཞེ་སོགས་ཕཱ་ཁི་སི་ཐན་གྱི་ཆབ་སྲིད་དཔོན་པོ་དག་མཉམ་དུ་མཛད་སྒོར་ཞུགས། རྒྱ་གར་ཕྱོགས་ཀྱིས་ཀྱང་འཐུས་མི་མངག་ནས་མཛད་སྒོར་ཞུགས་ཡོད། 

དབྱེ་མུའུ་ལན་ཧན་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཁི་ཧྲི་མུས་ཨར་གནད་དོན་ནི་ཕཱ་ཁི་སི་ཐན་དང་རྒྱ་གར་གྱི་འབྲེལ་བར་གནོད་པ་བཟོ་བའི་བཀག་རྒྱ་ཉག་ཅིག་ཡིན་པ་དང་། རྒྱལ་ཁབ་གཉིས་ལ་ཆོད་སེམས་དང་ཕུགས་འདུན་ཡོད་ན། གནད་དོན་དེ་ཐག་གཅོད་བཟང་བོ་བྱེད་ཐུབ། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་རྒྱ་གར་བར་དཔལ་ཡོན་ལྡན་པའི་འབྲེལ་བ་འཛུགས་འདོད་ཡོད་ལ། ཕཱ་ཁི་སི་ཐན་སྲིད་གཞུང་དང་དམག་དཔུང་། སྲིད་ཏང་ཚང་མའི་ལངས་ཕྱོགས་གཅིག་འདྲ་ཡིན་ཟེར། 

དབྱེ་མུའུ་ལན་ཧན་གྱིས་བསྟན་དོན། ཕཱ་ཁི་སི་ཐན་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཞི་བདེ་ལ་རེ་སྨོན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཀྱང་གནད་དོན་དེའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད། གལ་ཏེ་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་ཐད་ནས་རྒྱ་གར་གྱིས་བྱ་སྤྱོད་སྤེལ་ན་ང་ཚོས་དེ་ལས་ལྷག་པའི་བརྩོན་པ་བྱེད་ངེས་ཡིན་ཟེར། གལ་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པ་དང་མཐའ་མཚམས་སྒོ་འབྱེད་བྱེད་པ། ཉོ་ཚོང་སྤེལ་བ་བཅས་བྱས་ན་ཕྱོགས་གཉིས་ལ་དེ་ལས་ཁེ་ཕན་ཐོབ་ཐུབ་པར་མ་ཟད་འཕེལ་རྒྱས་གསར་བ་མངོན་འགྱུར་བྱེད་སྲིད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།