ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་ཉེར་བརྒྱད་ཉིན་དབྱི་ལིང་གི་སྤྱི་དམངས་གཉིས་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ཁོ་གཉིས་ཀྱིས་དབྱི་ལིང་གི་དྲ་རྒྱའི་མགོ་སྐོར་གཏོང་མཁན་གྱིས་མགོ་སྐོར་བཏང་བའི་མ་དངུལ་དག་དབྱི་ལིང་དངུལ་ཁང་ཁོངས་གཏོགས་སུ་ཉར་འཇོག་བྱེད་པར་རོགས་རམ་བྱས་ཡོད་ཟེར།
ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ། དབྱི་ལིང་གི་མི་དེ་གཉིས་ཀྱིས་གྲངས་ལྡན་དངུལ་ལོར་གྱི་གནས་ཡུལ་ལ་བརྟེན་ནས་པུས་ཐི་དངུལ་ལོར་གྱི་ཉོ་ཚོང་ཐེངས་སྟོང་བདུན་ལྷག་བྱས་པ་དང་། སྤྱིའི་རིན་ཐང་མེ་སྒོར་ས་ཡ་འགར་བསླེབས་ཡོད། དེའི་ནང་སྒོར་མོ་སྐོར་ཞིག་ནི་དབྱི་ལིང་གི་དྲ་རྒྱའི་མགོ་སྐོར་གཏོང་མཁན་གྱིས་མཉེན་
ཆས་ལ་བརྟེན་ནས་ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཀྱི་ཀུང་ཟི་དང་སྨན་ཁང་། སློབ་ཆེན། སྲིད་གཞུང་ལས་ཁུངས་སོགས་ནས་གཡོ་ལེན་བྱས་པ་རེད། མི་དེ་གཉིས་ཀྱིས་གཡོ་ལེན་བྱས་པའི་པུས་ཐིའི་དངུལ་ལོར་དེ་དབྱི་ལིང་གི་སྒོར་མོར་བརྗེས་ནས་དབྱི་ལིང་དངུལ་ཁང་དུ་གསོག་འཇོག་བྱས་པ་རེད་ཟེར།
ཨ་མེ་རི་ཁ་ཕྱོགས་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ན། བཀག་སྡོམ་ཐེབས་མཁན་གྱི་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་བཀག་འཇོག་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་དེའི་བར་ཉོ་ཚོང་བྱེད་མི་རུང་བ་རེད།
ཉིན་དེར་ཨ་མེ་རི་ཁའི་ཁྲིམས་འཛིན་པུའུ་ཡིས་ད་རུང་དབྱི་ལིང་གི་སྤྱི་དམངས་གཞན་པ་གཉིས་ཞུ་གཏུག་བྱས་པ་དང་། དེ་གཉིས་ཀྱིས་གཞན་རྒྱུ་བཙན་ལེན་གྱི་མཉེན་ཆས་གསར་སྤེལ་དང་བེད་སྤྱོད་བྱས་ཏེ། ཨ་མེ་རི་ཁའི་སྲིད་གཞུང་དང་སྤྱི་བའི་ལས་ཁུངས་ལ་མགོ་སྐོར་བཏང་ནས་ཁེ་སྤོགས་ལངས་པར་སྐྱོན་འཛུགས་བྱས།