ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་དབྱིན་ཇིའི་གསང་མྱུལ་བ་ཧི་ཆི་སི་ཚེ་ཐར་ལ་གཏོང་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཚེས་ཉེར་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། གསང་མྱུལ་བའི་ནག་ཉེས་དབང་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་དབྱིན་ཇིའི་མི་ཧི་ཆི་སི་ཚེ་ཐར་དུ་གཏོང་རྒྱུ་ཡིན་ཟེར། 

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་སྟོན་དུས་ཆེན་ཐེངས་ཞེ་བདུན་པར་རྟེན་འབྲེལ་ཞུ་ཆེད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གིས་ཚེ་ཐར་དུ་གཏོང་བའི་བཀའ་རྒྱ་བཏང་སྟེ། བཙོན་མ་བདུན་བརྒྱ་དང་གྱ་ལྔ་ཚེ་ཐར་དུ་བཏང་། ཧི་ཆི་སི་ཡང་དེའི་གྲས་སུ་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་གསལ་སྒྲོག་སྤེལ་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་ལས་དོན་པུའུ་ལ་ཧི་ཆི་སིའི་ཁྱིམ་མིས་དབྱིན་ཇིའི་དོན་གཅོད་ཁང་བརྒྱུད་དེ་སྤྲད་པའི་ཚེ་ཐར་དུ་གཏོང་བའི་རེ་ཞུའི་འཕྲིན་ཡིག་འབྱོར་བ་དང་དེར་ཡིད་འཐད་ཡིན་པའི་ཚུལ་བསྟན། དགོས་ངེས་ཀྱི་འགྲོ་ལུགས་བསྒྲུབས་རྗེས། ཧི་ཆི་སི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་འབྲལ་བའི་ཆོག་མཆན་ཐོབ་སྲིད་ཟེར། 

ཚེས་ཉེར་དྲུག་ཉིན་ཨ་པུའུ་ཀྲ་པུས་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དཔོན་རིགས་ཀྱིས་བརྙན་རིས་ཤིག་བསྟན་ནས། ཧི་ཆི་སི་ཡིས་རང་ཉིད་ནི་དབྱིན་ཇིའི་དམག་དོན་གསང་འཕྲིན་ཁྲུའུ་དྲུག་པའི་གསང་མྱུལ་བ་ཡིན་པ་ཁས་ལེན་བྱས་ཡོད་ཚུལ་བདེན་དཔང་བྱས། 

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་གྱི་རྒྱལ་སྲིད་པུའུ་ཀྲང་ཅཱ་ཨར་ཅཱ་ཧྲི་ཡིས་བཤད་རྒྱུར། ཧི་ཆི་སི་ཚེ་ཐར་དུ་བཏང་བ་ལས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་དབྱིན་ཇི་ཕྱོགས་གཉིས་ཀྱི་འབྲེལ་བ་ཡང་བསྐྱར་རྒྱུན་ལྡན་དུ་འགྲོ་ཐུབ་ཟེར། 

དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧིན་ཐི་ཡིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། དབྱིན་ཇིའི་ཕྱོགས་ཀྱིས་ཧི་ཆི་སིའི་སྐྱོན་འཛུགས་ལ་ཡིད་འཐད་མིན་ཡང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སྲིད་གཞུང་གིས་མྱུར་མོར་གནད་དོན་དེ་ཐག་གཅོད་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།