ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་ལ་གྲུབ་འབྲས་གལ་ཆེན་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས26ཉིན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པས་པུའུ་ལུའུ་སེར་ནས་སྤེལ་བའི་ཡོ་རོབ་གླིང་མནའ་འབྲེལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་སྟེང་། དེའི་སྔོན་དབྱིན་ཇིའི་བར་བཀོད་པའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་ལ་དངོས་སུ་གྲོས་འཆམ་བྱུང་། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་ཡིས་ཉིན་དེར་བསྟན་དོན། དེ་ནི་དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གང་ལ་མཚོན་ནའང་ཆེས་བཟང་བའི་གྲོས་མཐུན་ཞིག་ཡིན་པ་དང་། ལག་བསྟར་བྱས་ཆོག་པའི་གྲོས་མཐུན་ཉག་ཅིག་ཀྱང་ཡིན་ཟེར། 

གླེང་ཕྱོགས་ཀྱིས་བལྟས་ན། དེ་ནི་དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་སྤེལ་ནས་ལོ་གཅིག་ལྷག་གི་རིང་བླངས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཡང་། དབྱིན་ཇིའི་རྒྱལ་ནང་གི་ཕྱོགས་ཁག་སོ་སོའི་བར་འགལ་བ་ཆེ་བས། དབྱིན་ཇི་མཇུག་མཐར་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བར་གྲོས་མཐུན་མེད་པའི་སྣང་ཚུལ་འབྱུང་ཡང་སྲིད་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གྱི་གཏན་འཁེལ་ལྟར་ན། དབྱིན་ཇི་ཡིས་ཡོ་རོབ་གླིང་མནའ་འབྲེལ་ལ་ཁ་འབྲལ་བའི་གྲོན་དངུལ་དབྱིན་ཇིའི་སྒོར་མོ་ཐེར་ཆེན་གསུམ་དང་ཐེར་འབུམ་དགུ་ཙམ་སྟེར་དགོས་པ་དང་། སང་ལོའི་ཟླ་གསུམ་པར་དབྱིན་ཇི་དངོས་སུ་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས། དུས་ཡུན་ཟླ་ངོ་བཅུ་གཉིས་ཀྱི་བར་བརྒལ་དུས་རིམ་གཏན་འཁེལ་བྱེད་རྒྱུ་རེད། དེའི་སྐབས་སུ་དབྱིན་ཇི་མུ་མཐུད་དུ་ཡོ་རོབ་གླིང་གི་ཐུན་མོང་ཚོང་ར་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་སྒོ་ཁྲལ་མནའ་མཐུན་ལས་བསྡད་དེ་ཉོ་ཚོང་གི་སྒོ་ཁྲལ་ཅི་ཡང་མེད་པའི་ཐོབ་ཐང་ལོངས་སུ་སྤྱད་ཆོག་པ་རེད། གྲོས་མཐུན་ལས་ནན་གྱིས་བསྟན་དོན། དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་རང་དབང་ཉོ་ཚོང་ས་ཁུལ་འཛུགས་པར་བརྩོན་པ་བྱེད་རྒྱུ་ཡིན་པ་དང་། ཡིག་ཆ་དེར་བཅའ་ཁྲིམས་ཀྱི་བྱེད་ནུས་ལྡན་པ་ཡིན་ཟེར།

རྗེས་སུ་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་དེར་དབྱིན་ཇིའི་གྲོས་ཁང་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་སོ་སོར་བརྡས་ཐག་བཅད་རྗེས་ད་གཟོད་ནུས་ལྡན་དུ་འགྱུར་སྲིད་པ་རེད། དབྱིན་ཇིའི་གྲོས་ཁང་གི་ཆོག་མཆན་ཐོབ་ཏུ་འཇུག་པ་ལས་སླ་མོ་ཞིག་མ་ཡིན་ལ། དེས་ཀྱང་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་དེ་དངོས་འབེབ་བྱེད་ཐུབ་མིན་གྱི་གནད་ཐག་གཅོད་བྱས་ཡོད། 

དབྱིན་ཇིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དབྱིན་ཇིའི་གྲོས་ཁང་ཞོལ་མས་ཆེས་སྔ་ན་ད་ལོའི་ཟླ་བཅུ་གཉིས་པའི་གཟའ་འཁོར་གཉིས་པར་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་དེར་དཔྱད་བསྡུར་དང་འདེམ་ཤོག་འཕེན་རྒྱུ་ཡིན་པ་དང་། མིག་སྔར་དབྱིན་ཇིའི་བཟོ་བའི་ཏང་དང་སྤྱི་ཚོགས་དམངས་གཙོ་ཏང་། སུའུ་ཀི་ལན་མི་རིགས་ཏང་བཅས་འདུས་པའི་ཏང་ཁག་མང་བོས་གྲོས་ཁང་ནས་འདེམ་ཤོག་འཕེན་སྐབས་གྲོས་མཐུན་དེར་ངོ་རྒོལ་བྱེད་རྒྱུའི་ཚུལ་བསྟན་ཡོད། 

ཁྱད་པར་དུ་བག་འཁུམ་ཏང་དང་མནའ་འབྲེལ་བཙུགས་པའི་ཨིར་ལན་བྱང་མའི་དམངས་གཙོ་གཅིག་གྱུར་ཏང་གིས་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་ཁྲོད་ཀྱི་ཨིར་ལན་མཐའ་མཚམས་གནད་དོན་དང་འབྲེལ་བའི་ནང་དོན་ལ་བསམ་འཆར་ཡོད་པ་རེད། གལ་ཏེ་ཏང་ཁག་དེས་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་ལ་བརྡས་ཐག་གཅོད་སྐབས་བག་འཁུམ་ཏང་དང་རྒྱབ་འགལ་བྱས་ན། གྲོས་མཐུན་དེར་གྲོས་ཁང་ནས་གྲོས་འཆམ་འབྱུང་བའི་རེ་བ་ཇེ་ཆུང་དུ་འགྲོ་སྲིད། 

ཧྥ་རན་སི་དང་ཧི་ལན་སོགས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པས་ལང་ལོང་སྒོས་དབྱིན་ཇི་ཡིས་གྲོས་མཐུན་དེར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། གྲོས་མཐུན་དེར་གྲོས་མཐུན་མ་བཀོད་ན་མ་འོངས་པའི་ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇིའི་འབྲེལ་བར་བར་ཆད་འབྱུང་བའི་མཚོན་རྟགས་ཡིན་ཟེར། 

མ་འོངས་པའི་གཟའ་འཁོར་གཉིས་ཀྱི་ནང་། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མེ་དང་དེའི་ནེ་ཀིའི་ཁོངས་མིས་རྒྱལ་ནང་དུ་གཏམ་བཤད་མང་དུ་སྤེལ་ནས། ཕྱོགས་ཁག་སོ་སོའི་རྒྱབ་སྐྱོར་བརྩོན་ལེན་བྱེད་རྒྱུ་རེད། ཐི་ལོས་ཧྲ་མེ་ཡིས་ཚེས་ཉེར་ལྔ་ཉིན་དབྱིན་ཇིའི་མང་ཚོགས་ལ་འཕྲིན་ཡིག་བསྐུར་ཏེ། དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་དེས་དབྱིན་ཇི་ལ་གནས་སྤོར་སྡོད་དམངས་དང་བཅའ་ཁྲིམས་སོགས་ཐད་ཀྱི་དོ་དམ་དབང་ཆ་ཡང་བསྐྱར་ཐོབ་སྲིད་པ་དང་། ཞོར་དུ་ལོ་རེར་ཡོ་རོབ་གླིང་མནའ་འབྲེལ་ལ་སྤྲོད་པའི་གྲོན་དངུལ་འབོར་ཆེན་སྟེར་མི་དགོས་པས། ལས་རིགས་སོ་སོས་གྲོས་མཐུན་དེར་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན། ཡིན་ཡང་ངོ་རྒོལ་མཁན་གྱིས་བསྟན་དོན། ཐི་ལོས་ཧྲ་མེ་ཡིས་དབྱིན་ཇི་ལ་ཕན་པའི་ཕྱོགས་གླེང་བ་ཙམ་ལས། གྲོས་མཐུན་དེ་ལས་དབྱིན་ཇི་ལ་བཟོ་སྲིད་པའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཅི་ཡང་གླེང་མེད་ཟེར། དབྱིན་ཇིའི་གླེང་ཕྱོགས་ཀྱིས་བལྟས་ན། གལ་ཏེ་གྲོས་མཐུན་དེར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱིས་རེ་བ་འདོན་པ་དེ་ལྟར་གྲོས་འཆམ་འབྱུང་ཐབས་མེད་ན། ཆབ་སྲིད་ཉམས་ཉེན་འབྱུང་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།