ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པས་ཨ་མེ་རི་ཁ་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལས་ཕྱིར་འབུད་རྩིས་བྱེད་པའི་དམིགས་ཡུལ་ནི་རང་གི་དམག་དོན་ཁྱད་སྟོབས་གོ་གནས་སྲུང་འཛིན་བྱེད་པའི་ཆེད་ཡིན་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས་བཅུ་དགུའི་ཉིན་བསྟན་དོན། ཨ་མེ་རི་ཁ་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལ་ཕྱིར་འབུད་པའི་རྒྱུ་མཚན་ནི་ཨུ་རུ་སི་ཆིངས་ཡིག་དང་འགལ་བས་མ་ཡིན་ལ། ཆིངས་ཡིག་དེ་ཨ་མེ་རི་ཁས་རང་གི་དམག་དོན་ཁྱད་སྟོབས་གོ་གནས་སྲུང་འཛིན་བྱེད་པར་མི་ཕན་པས་རེད་ཟེར། 

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཉིན་དེར་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨ་མེ་རི་ཁས་འབྲིང་འཕེན་འཕུར་མདའི་མ་ལག་བཀོལ་ནས་རང་གི་སའི་གོ་ལ་ཡོངས་ཀྱི་ས་ཁུལ་སོ་སོའི་དམག་དོན་ཁྱད་སྟོབས་སྲུང་འཛིན་བྱེད་དགོས་ཀྱང་། འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལས་ཨ་མེ་རི་ཁའི་རེ་འདོད་དེར་ཚོད་འཛིན་བྱས་ཡོད་པས། ཨ་མེ་རི་ཁ་ཆིངས་ཡིག་དེ་ལས་ཕྱིར་འབུད་འདོད་པ་རེད་ཟེར། 

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་མ་བྱས་གོང་། ཨ་མེ་རི་ཁའི་ཆེད་ལས་ལས་ཁུངས་ཀྱིས་ཆིངས་ཡིག་ལས་བཀག་སྡོམ་བྱས་པའི་འཕུར་མདའི་མ་ལག་གི་ཞིབ་འཇུག་གསར་སྤེལ་བྱ་བ་སྤེལ་མགོ་བརྩམས་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་གཞི་རྩ་ཅི་ཡང་མེད་པའི་སྒོ་ནས་ཨུ་རུ་སི་ཆིངས་ཡིག་དང་འགལ་བར་བཤད་པ་དང་། དེ་ལ་ཁ་གཡར་ནས་ཆིངས་ཡིག་དེའི་ཚོད་འཛིན་ལས་ཐར་ཐབས་བྱེད་རྩིས་ཡོད་པའི་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།