ཀྲུང་གོ་བོད་ཀྱི་དྲ་བ།

སིང་ག་ཕོར་གྱི་ཙུང་ལི་ཡིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དག་གིས་སྔར་ལས་ལྷག་པའི་སྒོ་ནས་སྒོ་འབྱེད་དང་མཉམ་འདྲེས་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་གིས་ཚེས་བཅུ་གཉིས་ཉིན་སིང་ག་ཕོར་ནས་བསྡུས་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་ལས་དང་དངུལ་གཏོང་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དག་གིས་ཕྱོགས་མང་རིང་ལུགས་དམ་པོར་བཟུང་ནས། སྔར་ལས་ལྷག་པའི་སྒོ་ནས་སྒོ་འབྱེད་དང་མཉམ་འདྲེས་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་། 

སིང་ག་ཕོར་ནི་ཉིས་སྟོང་བཅོ་བརྒྱད་ལོའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་ཞིང་། ཚོགས་ཡུན་ཉིན་གཉིས་ཡིན་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་ལས་དང་དངུལ་གཏོང་མཐོ་རིམ་གྲོས་ཚོགས་ནི་སྐབས་སོ་གསུམ་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་དང་ཨེ་ཤ་ཡཱ་ཤར་མའི་མཉམ་ལས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ལ་གཞོགས་འདེགས་ཀྱི་ཚུལ་དུ་སྤེལ་བ་རེད། 

ལིས་ཞན་ལུང་གིས་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་ལ་བསྡོམས་པས་མི་གྲངས་དུང་ཕྱུར་དྲུག་ལས་བརྒལ་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་ཚོགས་ཁག་ཨང་དྲུག་པར་གྱུར་ཡོད་ལ། ཉིས་སྟོང་སུམ་ཅུ་ལོར་འཛམ་གླིང་གི་དཔལ་འབྱོར་ཚོགས་ཁག་ཨང་བཞི་བར་འགྱུར་བའི་རེ་བ་ཡོད། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་ཐུན་མོང་ཚོགས་པར་དཔལ་འབྱོར་གྱི་མི་མངོན་པའི་ནུས་པ་ཆེན་པོ་ལྡན་ཀྱང་། ནུས་པ་དེ་འདོན་སྤེལ་གང་ལེགས་བྱེད་ཐུབ་མིན་དེ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་འཛམ་གླིང་ཡོངས་ཀྱི་ཕྱོགས་རིང་ལུགས་ལ་ཆབ་སྲིད་གནོན་ཤུགས་ཐེབས་པའི་གནས་ཚུལ་འོག མཐུན་སྒྲིལ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་སྒོ་འབྱེད་དང་མཉམ་འདྲེས་ཀྱི་དམིགས་འབེན་ལ་ཁ་གཏད་དེ་གོམ་པ་བརྟན་པོས་མདུན་བསྐྱོད་བྱེད་ཐུབ་མིན་ལ་རག་ལས་ཡོད་ཟེར། 

ཁོས་བསྟན་དོན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་གྲོས་གཞི་རབ་དང་རིམ་པར་ཡར་སྐུལ་གཏོང་བཞིན་ཡོད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཁོངས་གཏོགས་རྒྱལ་ཁབ་བར་གྱི་ཉོ་ཚོང་འགྲོ་འོང་དང་དངུལ་གཏོང་ལ་སྐུལ་འདེད་གཏོང་བཞིན་ཡོད་པར་མ་ཟད། ཉོ་ཚོང་གི་བཀག་རྒྱ་ཇེ་ཉུང་དུ་བཏང་ནས་ཚོང་ལས་འཁོར་སྐྱོད་ཀྱི་མ་རྩ་ཇེ་དམའ་རུ་གཏོང་བཞིན་ཡོད་ཟེར། 

ལིས་ཞན་ལུང་གིས་བཤད་རྒྱུར། ཉིས་སྟོང་ཉེར་ལྔ་ལོའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་ཇུས་གཞི་དེ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་མཉམ་འདྲེས་ཇེ་ཟབ་ཏུ་འགྲོ་བ་དང་། དཔལ་འབྱོར་འཕར་སྣོན་རྒྱ་བསྐྱེད་པ། ཚོང་སྐལ་གསར་བ་གསར་གཏོད་བྱེད་པ་བཅས་ལ་ཕན་ཐོགས་ཡོད་ཟེར། 

ཁོས་ད་རུང་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འདས་པའི་དཔལ་འབྱོར་འཕེལ་རྒྱས་དང་དར་རྒྱས་ནི་རྒྱལ་ཁབ་སོ་སོའི་བར་གྱི་དཔལ་འབྱོར་མཉམ་ལས་ལས་བྱུང་བ་ཡིན་པ་དང་། མ་འོངས་པར་རྒྱལ་ཁབ་སོ་སོས་སྔར་ལྷག་པའི་སྒོ་ནས་དཔལ་འབྱོར་སྒོ་འབྱེད་དང་མཉམ་འདྲེས་ལ་ཤུགས་སྣོན་བྱེད་པ་དང་། ཚོང་རའི་མཉམ་འདྲེས་དང་སྒོ་འབྱེད་ལ་ཤུགས་སྣོན་བྱེད་པ། དངུལ་གཏོང་སྲིད་ཇུས་དང་ཚོང་ལས་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།