ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་བདེ་འཇགས་མཉམ་ལས་ལས་འདྲ་མཉམ་ལ་དོ་སྣང་བྱེད་དགོས་པ་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་བཅུའི་ཉིན་ཕཱ་རེ་སིའི་ཨེ་ལོས་ཧྲི་ཕོ་བྲང་ནས་ཆེད་དུ་ཧྥ་རན་སི་རུ་འཛམ་གླིང་འཁྲུག་ཆེན་ཐེངས་དང་པོ་མཇུག་སྒྲིལ་ནས་ལོ་ངོ་བརྒྱ་འགོར་བའི་རྗེས་དྲན་བྱ་འགུལ་ལ་ཞུགས་པར་ཡོང་བའི་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་གྲོས་མོལ་བྱས་ཏེ། ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་བདེ་འཇགས་མཉམ་ལས་སོགས་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། གྲོས་མོལ་བྱེད་སྐབས་ཐི་ལིང་ཕུའུ་ཡིས་ནན་གྱིས་བསྟན་དོན། ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་བདེ་འཇགས་མཉམ་ལས་ལས་འདྲ་མཉམ་ལ་དོ་སྣང་བྱེད་དགོས་ཟེར། 

མཱ་ཁི་ལུང་གིས་བཤད་རྒྱུར། ཧྥ་རན་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་བདེ་འཇགས་སོགས་ཁྱབ་ཁོངས་མང་བོར་མཉམ་ལས་ཟབ་མོ་བྱེད་བཞིན་ཡོད་ཅིང་། མིང་དོན་མཚུངས་པའི་ཡོ་རོབ་གླིང་གི་དམག་དཔུང་ཞིག་འཛུགས་པ་དང་ཐི་ལིང་ཕུའུ་ཡིས་བྱང་ཆིངས་རྩ་འཛུགས་ཀྱི་ཡོ་རོབ་གླིང་རྒྱལ་ཁབ་དག་གིས་དམག་དོན་གྲོན་དངུལ་ཇེ་མང་དུ་གཏོང་དགོས་པའི་རེ་བ་བཏོན་པར་འགལ་བ་ཅི་ཡང་མེད་ཟེར། ཁོས་ཐི་ལིང་ཕུའུ་ཡིས་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་གྲོན་དངུལ་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་ཐད་ཀྱི་རེ་བར་གཟེངས་བསྟོད་བྱས་པ་དང་། དེ་ལས་ཡོ་རོབ་གླིང་གི་རྒྱལ་ཁབ་ཀྱི་བྱང་ཆིངས་རྩ་འཛུགས་ནང་ཁུལ་གྱི་སྟོབས་ཤུགས་ཇེ་ཆེར་གཏོང་ཐུབ་པར་མ་ཟད། བྱང་ཆིངས་རྩ་འཛུགས་ཀྱི་དངོས་ཤུགས་ཇེ་མཐོར་གཏོང་བ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་རང་སྟེང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཐུབ་ཟེར། 
ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་སྟོབས་དང་ལྡན་ཞིང་བདེ་འཇགས་ཀྱི་ཡོ་རོབ་གླིང་ཞིག་མཐོང་འདོད་པ་དང་། དོན་དེའི་ཐད་རོགས་རམ་བྱེད་འདོད་ཡོད། ཡིན་ཡང་དེ་དག་ཚང་མ་འདྲ་མཉམ་གྱི་རྨང་གཞིའི་སྟེང་དོན་འཁྱོལ་བྱ་དགོས་ཟེར། ཁོས་མིག་སྔའི་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་གྲོན་དངུལ་མང་ཆེ་བ་ནི་ཨ་མེ་རི་ཁས་ཁག་ཁུར་བྱས་པ་ཡིན་ལ། ཨ་མེ་རི་ཁས་རང་ཉིད་ཀྱི་འདྲ་མཉམ་ལ་འགན་སྲུང་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ད་གཟོད་རང་ནུས་ཅི་ལྕོགས་ཀྱི་རོགས་རམ་བྱེད་ངེས་ཡིན། རྒྱལ་ཁབ་གཞན་པས་ཀྱང་རོགས་རམ་བྱེད་དགོས་ཟེར། 

ཐི་ལིང་ཕུའུ་ཡིས་དེའི་སྔོན་ཐེངས་མང་བོར་དམག་དོན་གྲོན་དངུལ་གནད་དོན་ཐད་ནས་ཡོ་རོབ་གླིང་གི་རྒྱལ་ཁབ་དག་ལ་སྐྱོན་བརྗོད་བྱས། ཁོས་བལྟས་ན། བྱང་ཆིངས་རྩ་འཛུགས་ཀྱིས་འགོག་སྲུང་འགྲོ་སོང་ཐད་ཨ་མེ་རི་ཁའི་ཚེགས་དང་བརྩོན་འགྲུས་མང་བོ་བཏོན་ཡང་། མནའ་མཐུན་གྲོགས་པོ་ཡིན་པའི་ཡོ་རོབ་གླིང་རྒྱལ་ཁབ་དག་གིས་སྟོབས་ཤུགས་ཆེན་པོ་བཏོན་མེད་པར་འདོད། 

ཕྱོགས་གཞན་ཞིག་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་འགོག་སྲུང་གནད་དོན་ཐད་ནས་དུས་ཡུན་རིང་བོར་ཨ་མེ་རི་ཁས་བྱང་ཆིངས་རྩ་འཛུགས་ལ་སྣེ་ཁྲིད་བྱེད་པ་ཡིན་ཡང་། ཉེ་བའི་ལོ་འགའི་རིང་ལ། ཧྥ་རན་སི་དང་འཇར་པན་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་འཐབ་ཇུས་རང་བདག་ནན་བཤད་བྱས་ཏེ། ཡང་བསྐྱར་འགོག་སྲུང་མཉམ་ལས་ལ་ཡར་སྐུལ་བཏང་ནས་རང་བདག་འགུལ་སྐྱོད་ནུས་པར་ཤུགས་སྣོན་བྱས། 

མཱ་ཁི་ལུང་ན་ནིང་ཧྥ་རན་སིའི་ཙུང་ཐུང་དུ་བདམས་རྗེས། གཙོ་བོ་ཡོ་རོབ་གླིང་གི་འགོག་སྲུང་མཉམ་ལས་ལ་ཤུགས་སྣོན་བྱེད་པར་བརྩོན་པ་དང་། ཡོ་རོབ་གླིང་གིས་ཐེ་གཏོགས་བྱེད་པའི་གྲོས་གཞི་བཏོན། མིག་སྔར། ཧྥ་རན་སི་དང་། འཇར་མན། པུ་ལི་ཧྲི། དབྱིན་ཇི། ཏན་མག ཧི་ལན། ཨེ་སོ་ནི་ཡཱ། སི་ཕན། ཕུའུ་ཐའོ་ཡཱ། ཧྥུན་ལན་བཅས་ཡོ་རོབ་གླིང་གི་རྒྱལ་ཁབ་བཅུ་གྲོས་གཞི་དེའི་ནང་ཞུགས་ཡོད་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།