ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་དགུའི་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་ཉིན་དེ་ནས་བཟུང་ཁྲིམས་འགལ་གྱིས་རང་གི་མངའ་ཁོངས་སུ་ཡོང་མཁན་གྱི་ཉེན་ཡོལ་རེ་ཞུ་དང་ལེན་མི་བྱེད་པ་ཁྱབ་སྒྲོག་བྱས།
བསྒྲགས་པ་ལྟར་ན། ཚེས་དགུ་ཉིན་ནས་བཟུང་། ཉེན་ཡོལ་འཚོལ་ཞིབ་བྱེད་པའི་མི་རྣམས་ཀྱིས་ངེས་པར་དུ་ཨ་མེ་རི་ཁའི་རྒྱལ་མཚམས་ཀྱི་འགག་སྒོ་བརྒྱུད་དེ་ཨ་མེ་རི་ཁར་རེ་ཞུ་བྱེད་དགོས་པ་དང་། ཁྲིམས་འགལ་གྱིས་མངའ་ཁོངས་སུ་ཡོང་མཁན་གྱི་ཉེན་ཡོལ་རེ་ཞུ་དང་ལེན་བྱེད་རྒྱུ་མིན། གཏན་འཁེལ་དེའི་ནུས་ལྡན་ཡུན་ཚད་ཉིན་དགུ་བཅུ་ཡིན་པ་རེད།
ཐི་ལིང་ཕུའུ་ཡིས་ཚེས་དགུའི་ཉིན་ཕོ་བྲང་དཀར་པོ་ནས་བསྟན་དོན། ཁོས་མི་རྣམས་ཁྲིམས་མཐུན་ངང་ཨ་མེ་རི་ཁའི་མངའ་ཁོངས་སུ་ཡོང་བའི་རེ་བ་བཅངས་ཡོད་ཟེར།
ཨ་མེ་རི་ཁའི་སྲིད་གཞུང་གི་དཔོན་རིགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། བྱ་སྤྱོད་དེ་གཙོ་བོ་མའོ་ཞི་ཁོ་བརྒྱུད་དེ་ཨ་མེ་རི་ཁར་ཡོང་བའི་མེ་གླིང་དབུས་མའི་གནས་སྤོར་སྡོད་དམངས་ལ་དམིགས་པ་ཡིན་ཞིང་། ཨ་མེ་རི་ཁའི་གནས་སྤོར་སྡོད་དམངས་དང་རྒྱལ་ཁབ་ཁོངས་གཏོགས་བཅའ་ཁྲིམས་ལྟར་ན། གནས་སྤོར་སྡོད་དམངས་དེ་མངའ་ཁོངས་སུ་ཡོང་ཐབས་ཁྲིམས་མཐུན་ཡིན་མིན་གང་ཡིན་ཡང་ཉེན་ཡོལ་རེ་ཞུ་བྱས་ཆོག་པ་རེད། དབྱེ་ཞིབ་མི་སྣས་བལྟས་ན། ཨ་མེ་རི་ཁའི་སྲིད་གཞུང་གི་བྱེད་ཐབས་གསར་བ་དེ་ཁྲིམས་ཁང་ལ་ཞུ་གཏུག་བྱེད་ངེས་རེད་ཟེར།
ཟླ་བཅུ་བར། ཧོང་ཏུ་རཱ་སི་དང་ཝེ་ཏི་མཱ་ལཱ། སར་ཝ་ཏའོ་སོགས་མེ་གླིང་དབུས་མའི་རྒྱལ་ཁབ་ནས་ཡོང་བའི་མང་ཚོགས་སྟོང་ཕྲག་མང་བོ་མའོ་ཞི་ཁོའི་ལྷོ་ཕྱོགས་ས་ཁུལ་དུ་ཡོང་བ་དང་། མུ་མཐུད་དུ་ཨ་མེ་རི་ཁའི་མངའ་ཁོངས་སུ་ཡོང་བའི་འཆར་གཞི་ཡོད་པ་རེད།
ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཉེ་སྔོན་ཨ་མེ་རི་ཁ་དང་མའོ་ཞི་ཁོའི་མཐའ་མཚམས་ས་ཁུལ་དུ་དམག་མི་སྟོང་ཕྲག་འགའ་མངག་སྟེ། མེ་གླིང་དབུས་མའི་གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་ཁྱབ་སྒྲོག་བྱས། ཨ་མེ་རི་ཁའི་དམག་དཔུང་གི་དཔོན་རིགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། མཐའ་མཚམས་ས་ཁུལ་དུ་མངག་པའི་དམག་མི་དག་མཐའ་མཚམས་ཀྱི་ཁྲིམས་འཛིན་ནང་ཐད་ཀར་དུ་ཞུགས་མི་སྲིད་ལ། བཟོ་སྐྲུན་དང་སྨན་བཅོས་སོགས་ཐད་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་ཙམ་ཡིན་ཟེར། །