ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཟླ་བཅུ་གཅིག་པའི་ཚེས་དགུའི་ཉིན་ཨ་ཧྥུའུ་ཧན་གནད་དོན་གྱི་རྒྱལ་སྤྱིའི་ཚོགས་ཆེན་སྤེལ་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སི་ཡིས་ཟླ་བཅུ་གཅིག་པའི་ཚེས་དགུའི་ཉིན་པུའུ་ཀྲང་རིམ་པ་གཞོན་པའི་ཨ་ཧྥུའུ་ཧན་གྱི་རྒྱལ་སྤྱིའི་ཚོགས་ཆེན་སྤེལ་རྒྱུ་ཡིན་པ་དང་། ཨ་ཧྥུའུ་ཧན་སྲིད་གཞུང་དང་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྲོས་ཚོགས་ལ་ཞུགས་པར་འཐད་པ་བྱུང་ཡོད་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དེ་ནི་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱིས་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་རུ་བཙུགས་ཡོད་པའི་ཆབ་སྲིད་དོན་གཅོད་ཁང་གིས་ཐོག་དང་པོར་འཐུས་ཚབ་ཚོགས་པ་མངག་ནས་རིམ་པ་དེའི་གྲོས་ཚོགས་ལ་ཞུགས་པ་རེད་ཟེར། 

ཨ་ཧྥུའུ་ཧན་སྲིད་གཞུང་དང་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་འཐུས་མི་ལས་གཞན། ཨུ་རུ་སིའི་ཕྱོགས་ཀྱིས་ད་རུང་ཨ་མེ་རི་ཁ་དང་རྒྱ་གར། ཀྲུང་གོ། དབྱི་ལིང་། ཕཱ་ཁི་སི་ཐན་སོགས་རྒྱལ་ཁབ་ཀྱི་དཔོན་རིགས་གདན་ཞུ་བྱས་ཡོད། 

ཨ་ཧྥུའུ་ཧན་ཕྱི་འབྲེལ་པུའུ་ཡིས་སྲིད་གཞུང་གི་དཔོན་རིགས་གྲོས་ཚོགས་ལ་ཞུགས་མིན་བདེན་དཔང་བྱས་མེད། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཞིག་གིས་ཚེས་གསུམ་ཉིན་གསར་འགོད་པར་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་རྒྱལ་སྤྱིའི་ཚོགས་ཆེན་ལ་ཞུགས་མིན་ཐད་ནས་ང་ཚོས་ཨུ་རུ་སིའི་ཕྱོགས་ཀྱི་དཔོན་རིགས་དང་གྲོས་མོལ་བྱེད་བཞིན་ཡོད་ཀྱང་། མིག་སྔར་ད་རུང་གྲོས་མཐུན་བྱུང་མེད་ཟེར། 

ཨུ་རུ་སིའི་ཕྱོགས་ཀྱིས་ཟླ་དགུ་བའི་ཚེས་བཞིའི་ཉིན་མའོ་སི་ཁི་ནས་ཨ་ཧྥུའུ་ཧན་གྱི་རྒྱལ་སྤྱིའི་ཚོགས་ཆེན་སྤེལ་བར་ཐག་བཅད་ཡོད་པ་དང་། ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱིས་མཐོ་རིམ་ཁོངས་མི་མངག་པར་ཡིད་འཐད་བྱུང་ཡོད་ཀྱང་། ཨ་ཧྥུའུ་ཧན་སྲིད་གཞུང་གིས་རྒྱལ་ཁབ་ཆེན་མོ་གཞན་པ་ཐད་ཀར་ཞུགས་མེད་པའི་གནས་ཚུལ་འོག་ཐཱ་ལེ་པན་དང་ཐད་ཀར་གྲོས་མོལ་བྱེད་རྒྱུའི་རེ་བ་བཅངས་ཡོད། ཨ་ཧྥུའུ་ཧན་སྲིད་གཞུང་གི་རེ་འདོད་ལྟར་དུ། ཨུ་རུ་སིའི་ཕྱོགས་ཀྱིས་གྲོས་ཚོགས་དེ་རྗེས་སུ་སྣུར་བ་རེད། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཕྱོགས་སོ་སོ་གྲོས་ཚོགས་ལ་ཞུགས་པར་འཐད་པ་བྱུང་ཡོད་པ་དང་། གྲོས་ཚོགས་སྤེལ་བའི་དུས་ཚོད་དེ་རྗེས་སུ་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།