ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱིས་སང་ལོའི་ཟླ་བཞི་བར་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་དཔོན་རིགས་ཀྱིས་ཉེ་སྔོན་བསྟན་དོན། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཞི་བའི་ཚེས་ཉི་ཤུའི་ཉིན་སྤེལ་རྒྱུ་ཡིན་ཟེར། གསར་འགོད་པས་ཚེས་གསུམ་ཉིན་ཨུ་ཡོན་ལྷན་ཁང་དེ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ས་ཁུལ་སོ་སོའི་འདེམ་དམངས་ཀྱིས་ཐོ་འགོད་བྱ་བ་དེ་ད་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན་བར་སྤེལ་རྒྱུ་རེད། 

ཨ་ཧྥུའུ་ཧན་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་པཱ་ཏི་ཅི་ཞི་ཡིས་ཚེས་གཉིས་ཉིན་རྒྱལ་ས་ཁཱ་པོར་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཞིག་ལ་ཞུགས་སྐབས་བཤད་རྒྱུར། འཆར་གཞི་ལྟར་ན། འདེམ་སྒུག་མི་སྣའི་ཐོ་འགོད་བྱ་བ་དེ་ད་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་ནས་ཚེས་སུམ་ཅུའི་ཉིན་བར་སྤེལ་རྒྱུ་ཡིན་པ་དང་། སང་ལོའི་ཟླ་བཞི་བའི་ཚེས་ཉི་ཤུའི་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་ལ། འདེམ་བསྐོའི་མཇུག་འབྲས་དེ་ཟླ་ལྔ་བའི་ཚེས་སུམ་ཅུའི་ཉིན་ཁྱབ་སྒྲོག་བྱེད་རྒྱུ་རེད། གལ་ཏེ་འདེམ་སྒུག་མི་སྣ་གང་རུང་ལ་སྐོར་ཐེངས་དང་པོའི་འདེམ་བསྐོའི་ཁྲོད་ཕྱེད་ཀའི་ཡན་གྱི་འདེམ་ཤོག་ཐོབ་མེད་ན། འདེམ་ཤོག་ཐོབ་པ་ཆེས་མང་བའི་འདེམ་སྒུག་པ་གཉིས་ཀྱིས་ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན་ཐེངས་གཉིས་པར་འགྲན་རྩོད་བྱེད་དགོས་ཟེར། པཱ་ཏི་ཅི་ཞི་ཡིས་ད་རུང་བསྟན་དོན། རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་འདེམ་བསྐོའི་བརྒྱུད་རིམ་ཁྲོད་མངོན་སུམ་འཛེམ་མེད་ཡོང་བར་འགན་སྲུང་ནན་མོ་བྱེད་རྒྱུ་ཡིན་ཟེར། 

ཨ་ཧྥུའུ་ཧན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་སང་ལོའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་ཏེ་བསྟུད་འགན་ཁུར་བར་བརྩོན་ལེན་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།