ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་ཝུའུ་ཁི་ལན་གྱིས་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་བྱེད་པར་འཐད་པ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་ཚེས་གསུམ་ཉིན་དབྱི་སི་ཐན་པོར་ནས་གྲོས་མོལ་བྱས་རྗེས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་མང་བོ་ནས་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ཁྱད་པར་དུ་ཉོ་ཚོང་དང་རྒྱལ་སྲུང་བཟོ་ལས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་འཐད་པ་བྱུང་ཟེར། 

རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཐུར་ཁེ་དང་ཝུའུ་ཁི་ལན་གྱི་མཐོ་རིམ་འཐབ་ཇུས་མཉམ་ལས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བདུན་པར་ཞུགས་རྗེས་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སྤེལ། ཨེ་ཨར་ཏའོ་ཨན་གྱིས་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་གྱི་འཐབ་ཇུས་འབྲེལ་བ་དེ་ཆུ་ཚད་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་རྒྱུ་ཐག་བཅད་པ་དང་། ཁོ་དང་པའོ་ལོ་ཧྲིན་ཁི་གཉིས་ཀྱིས་ད་ལོའི་ལོ་མཇུག་གི་སྔོན་ལ་རང་དབང་ཉོ་ཚོང་གྲོས་མཐུན་གྱི་ནང་དོན་ཞིབ་རྒྱས་གཏན་འཁེལ་བྱེད་པར་འཐད་པ་བྱུང་ཡོད་ལ། གྲོས་མཐུན་དེ་ལས་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་དེ་མེ་སྒོར་ཐེར་ཆེན་གཅིག་ལ་བསླེབ་སྲིད་པར་ཡིད་ཆེས་ཡོད་ཟེར། 
ཨེ་ཨར་ཏའོ་ཨན་གྱིས་ད་རུང་ཐུར་ཁེ་དང་ཝུའུ་ཁི་ལན་གྱི་རྒྱལ་སྲུང་བཟོ་ལས་ཁྱབ་ཁོངས་ཀྱི་ཕན་ནུས་ལྡན་པའི་མཉམ་ལས་ནན་བཤད་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱི་ཁྱབ་ཁོངས་དེའི་མཉམ་ལས་ལས་གཞི་སྔར་ལས་ཇེ་མང་དུ་སོང་ཡོད་ཟེར། 
ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ། ཆབ་སྲིད་གཅིག་གྱུར་བཅས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས་ཡོད་ཟེར། 

པའོ་ལོ་ཧྲིན་ཁི་ཡིས་བསྟན་དོན། ཝུའུ་ཁི་ལན་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་ཉོ་ཚོང་འབོར་གྲངས་རྒྱ་བསྐྱེད་འདོད་ཡོད་པར་མ་ཟད། ཕན་ཚུན་བར་གྱི་དངུལ་གཏོང་རྒྱ་བསྐྱེད་འདོད་ཡོད་ལ། རྒྱལ་ཁབ་གཉིས་ཀྱིས་གང་མགྱོགས་སྒོས་རང་དབང་ཉོ་ཚོང་གྲོས་ཆོད་འགོད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།