ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་ཁྲའོ་ཞན་གྱིས་རྒྱལ་སྤྱིའི་ཨོ་ལིན་ཕིག་རྩ་འཛུགས་ཨུ་ཡོན་ལྷན་ཁང་ལ་འཕྲིན་ཡིག་བཏང་ནས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྤེལ་བའི་ཐུན་མོང་གི་འདོད་འདུན་སྟོན་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་ཚེས་གཉིས་ཉིན་ཁྲའོ་ཞན་ཁའེ་ཁྲིན་ནས་ལུས་རྩལ་ཡན་ལག་རྩ་འཛུགས་ཀྱི་གྲོས་མོལ་སྤེལ་ཏེ། མཉམ་དུ་རྒྱལ་སྤྱིའི་ཨོ་ལིན་ཕིག་རྩ་འཛུགས་ཨུ་ཡོན་ལྷན་ཁང་ལ་འཕྲིན་ཡིག་བཏང་ནས་ཧན་གོ་དང་ཁྲའོ་ཞན་གྱིས་ཉིས་སྟོང་སོ་གཉིས་ལོའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་མཉམ་དུ་སྤེལ་བའི་ཐུན་མོང་འདོད་འདུན་སྟོན་རྒྱུ་ཐག་བཅད། 

ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཉིན་དེར་ཁའེ་ཁྲིན་དུ་ཡོད་པའི་ཧན་གོ་དང་ཁྲའོ་ཞན་ཐུན་མོང་འབྲེལ་གཏུག་ལས་དོན་ཁང་ནས་ལུས་རྩལ་ཡན་ལག་ཚན་ཆུང་གི་གྲོས་མོལ་སྤེལ། གྲོས་མོལ་བྱས་རྗེས་ཧན་གོ་ཕྱོགས་ཀྱིས་སྤེལ་བའི་མཉམ་འབྲེལ་གསར་འགྱུར་མ་ཡིག་ལྟར་ན། ཕྱོགས་གཉིས་ཀྱིས་ཉིས་སྟོང་ཉི་ཤུ་ལོར་ཏུང་ཅིན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སོགས་རྒྱལ་སྤྱིའི་འགྲན་སྡུར་ལ་ཞུགས་པར་གྲོས་བསྡུར་བྱས་པ་དང་། རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་རྒྱལ་སྤྱིའི་ལུས་རྩལ་རྣམ་གྲངས་སྣ་གཅིག་གི་རྩ་འཛུགས། ཧན་གོ་དང་ཁྲའོ་ཞན་ཐུན་མོང་རྩ་འཛུགས་འགྲན་སྡུར་ལ་ཞུགས་པ་སོགས་ལས་དོན་ཐད་ནས་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་ཉིས་སྟོང་བཅུ་དགུ་ལོའི་འཛམ་གླིང་སྐྱེས་པའི་ལག་རྩལ་སྤོ་ལོའི་འགྲན་སྡུར་ལ་ཞུགས་སྐབས་མཉམ་ལས་དེ་དངོས་འབེབ་བྱེད་རྒྱུ་རེད། 

ཧན་གོ་དང་ཁྲའོ་ཞན་གྱིས་ད་རུང་ཕྱོགས་གཉིས་ཀྱི་ལུས་རྩལ་ལས་དོན་གྱི་ཐུན་མོང་འཕེལ་རྒྱས་ལ་ཡར་སྐུལ་བཏང་སྟེ། ཕན་ཚུན་བར་ལུས་རྩལ་པ་མངག་ནས་ཕ་རོལ་བས་གཙོ་སྒྲུབ་བྱས་པའི་རྒྱལ་སྤྱིའི་འགྲན་སྡུར་ལ་ཞུགས་རྒྱུ་དང་། ཞོར་དུ་ཧན་གོ་དང་ཁྲའོ་ཞན་གྱི་ཐུན་མོང་འབྲེལ་གཏུག་ལས་དོན་ཁང་བརྒྱུད་དེ་དོན་སྙིང་གལ་ཆེན་ལྡན་པའི་དུས་སྐབས་སུ་མཛའ་འབྲེལ་འགྲན་སྡུར་སོགས་ལུས་རྩལ་ཁྱབ་ཁོངས་ཀྱི་བརྗེ་རེས་ལས་དོན་སྤེལ་བར་གྲོས་མོལ་བྱས། 

ཐེངས་འདིའི་གྲོས་མོལ་གྱི་ཧན་གོའི་དབུ་བཞུགས་འཐུས་མི་ནི་ཧན་གོའི་རིག་གནས་ལུས་རྩལ་གནས་སྐོར་པུའུ་ཡི་དཔོན་པོ་གཞོན་པ་ལུའུ་ཐེ་ཀང་ཡིན་པ་དང་། ཁྲའོ་ཞན་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ནི་ཁྲའོ་ཞན་ལུས་རྩལ་ལས་དོན་གྱི་བློན་ཆེན་གཞོན་པ་ཡོན་ཅི་ཡུས་ཡིན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།