ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་རྒྱལ་ས་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་དྲུག་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ནས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་ཉེན་རྟོག་པ་གསུམ་དང་བཅས་པའི་མི་དྲུག་ལ་རྨས་ཕོག

བསྒྲགས་པ་ལྟར་ན། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་དེ་ཁཱ་པོར་གྱི་ཉེན་ཟོན་ཁུལ་དང་པོའི་མེད་ཝན་ཏི་སྨན་ཁང་ཉེ་འདབས་ནས། ཉེན་རྟོག་རླངས་འཁོར་སྟེང་སྦྱར་ཡོད་པའི་འགད་རྫས་འགས་གཏོར་བྱུང་བ་རེད། རྨས་མ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་ཐེངས་འདིའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད། 
མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། 
བསྒྲགས་པ་ལྟར་ན། དེ་ནི་ཁཱ་པོར་ནས་ཉེ་སྔོན་བྱུང་བའི་འཇབ་རྒོལ་དོན་རྐྱེན་ཐེངས་གསུམ་པ་རེད། ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར་ཁཱ་པོར་གྱི་ཕུའུ་ལེ་ཆཱ་ཨར་ཞེ་བཙོན་ཁང་གི་སྒོ་ཁ་ནས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། འཇབ་རྒོལ་མཁན་དང་བཅས་པའི་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱད་ལ་རྨས་ཕོག ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་གྱི་དགོང་མོར། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣས་ཁཱ་པོར་གྱི་ཉེན་ཟོན་ཁུལ་ལྔ་བའི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་ལག་འབོམ་འགའི་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་ཉེན་རྟོག་པ་གཉིས་ལ་རྨས་ཕོག་ཡོད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།