ཀྲུང་གོ་བོད་ཀྱི་དྲ་བ།

ཏན་མག་གིས་དབྱི་ལིང་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཕྱིར་འབོད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཏན་མག་ཕྱི་འབྲེལ་པུའུ་ཡིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་དབྱི་ལིང་དུ་སྡོད་པའི་ཏན་མག་གི་གཞུང་ཚབ་ཆེན་མོ་ཕྱིར་འབོད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ཡོ་རོབ་གླིང་མནའ་འབྲེལ་ལ་དོན་དེ་སྙན་ཞུ་བྱེད་རྒྱུ་རེད། 

ཏན་མག་གི་ཕྱི་འབྲེལ་བློན་ཆེན་སཱ་མུའུ་ཨེ་ཨར་སིན་གྱིས་ཉིན་དེའི་དགོང་མོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱི་རྒྱལ་གྱི་བདེ་འཇགས་སྡེ་ཁག་གིས་ཏན་མག་མངའ་ཁོངས་སུ་མི་སྒེར་གང་རུང་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་བཟོ་རྩིས་ཡོད་པ་དང་། དེ་ནི་དང་ལེན་བྱེད་ཐབས་མེད་པའི་བྱ་སྤྱོད་ཅིག་རེད། ཁོས་བསྟན་དོན། གཞུང་ཚབ་ཆེན་མོ་ཕྱིར་བོས་པ་ཧ་ཅང་གཟབ་ནན་གྱི་ཕྱི་འབྲེལ་བྱ་སྤྱོད་ཅིག་ཡིན་པ་དང་། ཏན་མག་གིས་ཡོ་རོབ་གླིང་མནའ་འབྲེལ་ལ་དོན་དེ་སྙན་ཞུ་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་ལིང་ལ་བཀག་སྡོམ་བྱེད་ཐབས་ནན་མོ་ལག་བསྟར་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར། 

ཏན་མག་བདེ་འཇགས་ཅུའུ་ཡི་ཅུའུ་ཀྲང་ཨན་ནོའུ་ཧྲིན་གྱིས་ཉིན་དེའི་སྔ་དྲོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཏན་མག་བདེ་འཇགས་ཅུའུ་ཡིས་དབྱི་ལིང་གིས་ཏན་མག་ནས་མི་སྒེར་གང་རུང་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་ལག་བསྟར་བྱེད་རྩིས་ཡོད་པ་དང་། ང་ཚོས་འབྲེལ་ཡོད་མི་སྣར་སྲུང་སྐྱོབ་བྱེད་བཞིན་ཡོད། དེ་བས་གནས་ཚུལ་མང་བོ་ཞིག་གསལ་བོར་བསྒྲགས་ཐབས་མེད་ཟེར། 

བསྒྲགས་པ་ལྟར་ན། ཏན་མག་ཕྱི་འབྲེལ་པུའུ་ཡིས་དབྱི་ལིང་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཕྱིར་བོས་ནས་དབྱི་ལིང་གིས་ཏན་མག་ལ་སྐྱོན་འཛུགས་བྱེད་མིན་ལ་གྲོས་མོལ་བྱེད་འདོད་པ་ཡིན་ཟེར། 

གཞན་ཡང་བསྒྲགས་པ་ལྟར་ན། ཏན་མག་གིས་དོན་དེའི་ཐད་ནས་སུའེ་ཏེན་དང་ནོར་ཝེའི་ཉེན་རྟོག་ཕྱོགས་བར་མཉམ་ལས་བྱེད་བཞིན་ཡོད་པ་དང་། འཇབ་རྒོལ་འཆར་གཞིར་ཞུགས་པའི་དོགས་ཡོད་མི་སྣ་ཞིག་སུའེ་ཏེན་གྱི་གྲོང་ཁྱེར་ཆེན་པོ་གཉིས་པ་ཀི་ཏི་པའོ་ནས་འཛིན་བཟུང་བྱས་ཟེར། 

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གིས་ཏན་མག་ནས་ལྐོག་གསོད་བྱ་འགུལ་འཆར་འགོད་བྱེད་པའི་སྐྱོན་འཛུགས་དེ་ཁས་ལེན་མ་བྱས། གསལ་སྒྲོག་ལས་བཤད་རྒྱུར། སྐྱོན་འཛུགས་དེ་དབྱི་ལིང་ལ་ངོ་རྒོལ་བྱེད་པའི་སྟོབས་ཤུགས་ཀྱི་གཡོ་ཇུས་དང་འཚམ་ལ། དམིགས་ཡུལ་ནི་མིག་སྔའི་དམིགས་བསལ་གྱི་དུས་སྐབས་སུ་དབྱི་ལིང་དང་ཡོ་རོབ་གླིང་གི་འབྲེལ་བ་བཟང་བོར་གཏོར་བརླག་བྱེད་པའི་ཆེད་དུ་རེད་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།