ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣ་གཉིས་ལ་མཱ་ལི་ནས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་རིམ་པ་མང་བོའི་ཕྱོགས་བསྡུས་གཏན་འཇགས་ཆེད་མངག་ཚོགས་པས་ཚེས་ཉེར་བདུན་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཞི་བདེ་སྲུང་སྐྱོབ་མི་སྣར་མཱ་ལིའི་ལྷོ་ཕྱོགས་ཀྱི་པེ་ཨར་གྲོང་ཁྱེར་ནས་འཇབ་རྒོལ་ཐེབས་ནས། ཞི་བདེ་སྲུང་སྐྱོབ་མི་སྣ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ཚེས་ཉེར་བདུན་ཉིན་གྱི་ཞོགས་པར་བྱུང་བ་དང་། ཞི་བདེ་སྲུང་སྐྱོབ་དམག་མིས་ཐོབ་ཐང་གསལ་བོར་མི་ཤེས་པའི་འཇབ་རྒོལ་མཁན་མཐར་སྐྲོད་བཏང་། པུ་ཁི་ནཱ་ཧྥ་སོ་ཡི་ཞི་བདེ་སྲུང་སྐྱོབ་དམག་མི་གཉིས་འཇབ་རྒོལ་དེའི་ཁྲོད་རྐྱེན་ལམ་དུ་ཤོར། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར། 

ཉིན་དེར་མཱ་ལིའི་དབུས་ཕྱོགས་ཀྱི་ཁུང་ནཱ་གྲོང་ཁྱེར་དུ་བཅའ་སྡོད་བྱེད་པའི་ཞི་བདེ་སྲུང་སྐྱོབ་དམག་མིར་ཡང་འགས་གཏོར་འཇབ་རྒོལ་ཐེབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་རིམ་པ་མང་བོའི་ཕྱོགས་བསྡུས་གཏན་འཇགས་ཆེད་མངག་ཚོགས་པས་ཐེངས་འདིའི་འཇབ་རྒོལ་ལས་མི་སྣར་ཤི་རྨས་བཟོས་ཡོད་མེད་གསལ་བོར་བཤད་མེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིན་དེར་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་རིམ་པ་མང་བོའི་ཕྱོགས་བསྡུས་གཏན་འཇགས་ཆེད་མངག་ཚོགས་པར་དམིགས་པའི་འཇབ་རྒོལ་དོན་རྐྱེན་དེ་གཉིས་ལ་རྒོལ་གཏམ་བཏང་། ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣར་དམིགས་པའི་འཇབ་རྒོལ་དེས་འཐབ་འཁྲུག་ནག་ཉེས་གྲུབ་ཡོད་པས། ལག་བསྟར་མཁན་ལ་ངེས་པར་དུ་ཆད་གཅོད་ནན་མོ་ཐེབས་དགོས་ཟེར། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཐའ་གཅིག་ཏུ་མཱ་ལི་ཡིས་རྒྱལ་ཁབ་ཀྱི་གཏན་འཇགས་སླར་གསོ་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས། 

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀྱང་ཉིན་དེར་གསར་འགྱུར་ལས་རིགས་ལ་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་རིམ་པ་མང་བོའི་ཕྱོགས་བསྡུས་གཏན་འཇགས་ཆེད་མངག་ཚོགས་པར་དམིགས་པའི་འཇབ་རྒོལ་དོན་རྐྱེ་དེར་རྒོལ་གཏམ་དྲག་པོ་བཏང་། འཇབ་རྒོལ་དོན་རྐྱེན་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཱ་ལིའི་ཞི་བདེ་དང་འགྲིག་མཐུན་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་ལ་ཤུགས་རྐྱེན་ཐེབས་མི་སྲིད་ཟེར། གསལ་སྒྲོག་ལས་མཱ་ལིའི་བདེ་འཇགས་གནས་བབ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། མཱ་ལིའི་ཕྱོགས་ཁག་སོ་སོས་མྱུར་དུ་ཞི་བདེ་དང་འགྲིག་མཐུན་གྱི་གྲོས་མཐུན་ལག་བསྟར་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།