ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་དམག་དོན་གནམ་གྲུའི་འཇབ་རྒོལ་ལས་ཕཱ་ལེ་སི་ཐན་གྱི་ན་གཞོན་གསུམ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་ཟླ་གསར་དམར་པོ་ཚོགས་པས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་ན་གཞོན་གསུམ་ཉིན་དེར་ཅཱ་ཧྲ་ལྷོ་ཕྱོགས་ཀྱི་དབྱི་སི་རལ་དང་འབྲེལ་བའི་ས་མཚམས་ནས་དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ལེ་སི་ཐན་སྨན་བཅོས་མྱུར་སྐྱོབ་མི་སྣས་དོན་རྐྱེན་བྱུང་ས་ནས་ལོ་བཅུ་གཉིས་ནས་བཅུ་བཞིའི་བར་གྱི་ན་གཞོན་གསུམ་གྱི་བེམ་པོ་རྙེད་པ་དང་། བེམ་པོ་དེ་དག་ཧན་ཡུག་ནེ་སི་ཡི་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་ཟེར། 

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། ན་གཞོན་གསུམ་རྒྱལ་མཚམས་ཀྱི་བར་གྱང་གི་ཉེ་སར་བཅར་རྩིས་བྱེད་སྐབས་དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུའི་འཇབ་རྒོལ་ཐེབས་པ་རེད། དོན་རྐྱེན་བྱུང་རྗེས་དབྱི་སི་རལ་གྱི་དམག་དཔུང་གིས་རྒུད་སྐྱོབ་བྱེད་དུ་ཡོང་བའི་ཕཱ་ལེ་སི་ཐན་ཕྱོགས་ཀྱི་མི་སྣར་མེ་མདས་བརྒྱབ་སྟེ་སྨན་བཅོས་མྱུར་སྐྱོབ་མི་སྣ་དེའི་ཉེ་སར་བཅར་བར་བཀག་འགོག་བྱས་ཟེར། 

དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་མི་གསུམ་ཅཱ་ཧྲ་ས་ཁུལ་གྱི་ལྷོ་ངོས་ཀྱི་མཐའ་མཚམས་བར་གྱང་གི་ཉེ་སར་བཅར་བ་དང་། བར་གྱང་ལ་གཏོར་བརླག་བྱས་ནས་བར་གྱང་ཉེ་འདབས་སུ་འགད་གཏོར་སྒྲིག་ཆས་འཇོག་བཞིན་ཡོད། དེར་རྒོལ་ལན་གྱི་ཚུལ་དུ་དབྱི་སི་རལ་དམག་དཔུང་གིས་འཐབ་འཛིང་གནམ་གྲུ་ཞིག་མངག་ནས་ཁོ་ཚོར་མེ་མདས་བརྒྱབ་པ་ཡིན་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།