ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་ཙུང་ལི་ཡིས་ལོ་ཉི་ཤུ་ལྷག་གི་རིང་ཐོག་དང་པོར་ཨ་མན་ལ་དངོས་གཞིའི་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཨ་མན་དུ་དངོས་གཞིའི་འཚམས་འདྲི་བྱས་རྗེས། ཉིན་དེར་ཕྱིར་དབྱི་སི་རལ་དུ་ལོག་ཟེར། དེ་ནི་གཅིག་སྟོང་དགུ་བརྒྱ་གོ་དྲུག་ལོའི་ཚུན་ལ་དབྱི་སི་རལ་གྱི་ཙུང་ལི་ཡིས་ཐོག་དང་པོར་ཨ་མན་དུ་དངོས་གཞིའི་འཚམས་འདྲི་བྱས་པ་རེད། 

མིག་སྔར་དབྱི་སི་རལ་དང་ཨ་མན་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་མེད། ཐེངས་འདིའི་འཚམས་འདྲི་དེ་སྔོན་ནས་ཕྱི་ལ་བསྒྲགས་མེད། 

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་ལས་བཤད་རྒྱུར། ཨ་མན་གྱི་མགོ་ཁྲིད་པ་ཁཱ་པུའུ་སི་ཡིས་གདན་དྲངས་པ་ལྟར། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཨ་མན་དུ་དངོས་གཞིའི་འཚམས་འདྲི་བྱས་པ་དང་། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཁཱ་པུའུ་སི་དང་གྲོས་མོལ་བྱས་པར་མ་ཟད་མཉམ་འབྲེལ་གསལ་སྒྲོག་སྤེལ། མཉམ་འབྲེལ་གསལ་སྒྲོག་ལྟར་ན། ཕྱོགས་གཉིས་ཀྱིས་དབུས་ཤར་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། དེ་མིན་ཕྱོགས་གཉིས་ཀྱིས་མཉམ་དུ་སེམས་ཁུར་བྱེད་པའི་དབུས་ཤར་ས་ཁུལ་དུ་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་པའི་གནད་དོན་རེ་འགར་གྲོས་བསྡུར་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། ནེ་ཐཱ་ནི་ཡཱ་ཧུའུ་ཡི་ཐེངས་འདིའི་འཚམས་འདྲི་ནི་རྒྱལ་ཁབ་གཉིས་ཀྱིས་དུས་ཡུན་རིང་བོར་འབྲེལ་འདྲིས་བྱས་རྗེས་སྤེལ་བ་རེད། ཐེངས་འདིའི་འཚམས་འདྲི་ནི་ནེ་ཐཱ་ནི་ཡཱ་ཧུའུ་ཡི་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་དག་གི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། དབྱི་སི་རལ་གྱིས་བདེ་འཇགས་དང་ལག་རྩལ། དཔལ་འབྱོར་སོགས་ཐད་ཀྱི་ཁྱད་སྟོབས་འདོན་སྤེལ་བྱེད་པའི་སྲིད་ཇུས་དངོས་འབེབ་བྱེད་པའི་གོ་རིམ་གལ་ཆེན་ཞིག་ཡིན་པ་རེད། 

བསྒྲགས་པ་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཚེས་ཉེར་ལྔའི་ཉིན་ཨ་མན་དུ་འབྱོར་ནས་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། ཟླ་འདིའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གསུམ་ཉིན་བར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཨ་མན་དུ་འཚམས་འདྲི་བྱས་མྱོང་། 

གཞན་ཡང་ཨ་མན་བརྙན་འཕྲིན་ཁང་གིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། ཁཱ་པུའུ་སི་ཡིས་ཚེས་ཉེར་ལྔ་ཉིན་ཨ་མན་གྱི་རྒྱལ་ས་མཱ་སི་ཁཱ་ཐི་ནས་འཚམས་འདྲིར་ཡོང་བའི་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་དབུས་ཤར་ས་ཁུལ་གྱི་གནས་བབ་དང་དབུས་ཤར་གྱི་ཞི་བདེ་འཕེལ་རིམ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།