ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་བར་འཁྲུག་རྩོད་བྱུང་སྟེ་ཕཱ་ལེ་སི་ཐན་གྱི་མི་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་མི་དང་དབྱི་སི་རལ་གྱི་དམག་མིའི་བར་ཚེས་ཉེར་བཞི་ཉིན་གྱི་ཞོགས་པར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་བྱང་ཕྱོགས་གྲོང་ཁྱེར་ཐུའུ་པཱ་སི་ནས་འཁྲུག་རྩོད་བྱུང་སྟེ། ཕཱ་ལེ་སི་ཐན་གྱི་མི་གཅིག་འཁྲུག་རྩོད་ཁྲོད་དབྱི་སི་རལ་དམག་དཔུང་གིས་བསད་པ་རེད། དེ་ནི་ཟླ་འདིའི་ཚེས་ཉེར་གཉིས་ཉིན་གྱི་ཚུན་ལ་དབྱི་སི་རལ་གྱི་དམག་མིས་བསད་པའི་ཕཱ་ལེ་སི་ཐན་གྱི་མི་གསུམ་པ་རེད། 

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་མིས་ཉིན་དེའི་ཞོགས་པར་ཐུའུ་པཱ་སི་ལྷོ་ངོས་ཀྱི་ཐཱ་མིན་གྲོང་རྡལ་དུ་སོང་ནས་སྔོག་བཤེར་བྱ་འགུལ་སྤེལ་བས། ས་དེའི་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་བ་རེད། ཕཱ་ལེ་སི་ཐན་ཟླ་གསར་དམར་པོ་ཚོགས་པའི་མི་སྣས་གསར་འགོད་པར་བཤད་རྒྱུར། ལོ་ཉེར་གཅིག་ཅན་གྱི་ཕཱ་ལེ་སི་ཐན་གྱི་ན་གཞོན་ཞིག་འཁྲུག་རྩོད་ཁྲོད་གཞན་གྱིས་བསད་ཟེར། 

དབྱི་སི་རལ་དམག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་གྱི་མི་གཅིག་གིས་ཚེས་ཉེར་གཉིས་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལྷོ་ཕྱོགས་གྲོང་ཁྱེར་ཞེ་པའོ་ལོན་ནས་གྲི་བཟུང་སྟེ་དབྱི་སི་རལ་གྱི་རྒྱལ་སྲུང་དམག་མིར་འཇབ་རྒོལ་བྱས་པ་དང་། དེའི་རྗེས་སུ་དབྱི་སི་རལ་གྱི་དམག་མིས་མེ་མདས་བརྒྱབ་སྟེ་བསད་ཟེར། གཞན་ཡང་ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་བསྒྲགས་པ་ལྟར་ན། ལོ་བཅུ་བདུན་ཅན་གྱི་ཕཱ་ལེ་སི་ཐན་གྱི་མི་གཅིག་ཚེས་ཉེར་གསུམ་ཉིན་ཅཱ་ཧྲ་ས་ཁུལ་ཤར་ངོས་ཀྱི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་གྱི་འཁྲུག་རྩོད་ཁྲོད་དབྱི་སི་རལ་གྱི་དམག་མིས་བསད་ཟེར། 

དབྱི་སི་རལ་གྱི་དམག་མིས་ཚེས་ཉེར་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་ལ་ཉིན་དེར་ཞེ་པའོ་ལོན་ཉེ་འདབས་ཀྱི་ཧཱ་ལེ་ཧི་ལེ་ནས་འཇབ་རྒོལ་ཐེབས་ཀྱང་། མི་སྣར་ཤི་རྨས་ཐེབས་མེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།