ཀྲུང་གོ་བོད་ཀྱི་དྲ་བ།

​ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་གསར་འགོད་པ་གར་སོང་མ་རྙེད་པའི་དོན་རྐྱེན་ཐད་ནས་སོ་ཏི་ཨ་རབ་ཀྱི་མགོ་ཁྲིད་པ་དང་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཚེས་བཅུ་དྲུག་ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་རུ་འབྱོར་ནས། སོ་ཏི་ཨ་རབ་ཀྱི་མགོ་ཁྲིད་པ་དང་མཉམ་དུ་སོ་ཏི་ཨ་རབ་ཀྱི་གསར་འགོད་པ་ཁཱ་ཧྲུའུ་ཅི་གར་སོང་མ་རྙེད་པའི་དོན་རྐྱེན་ཐད་ནས་གྲོས་མོལ་བྱས། 

ཉིན་དེར་ཕིན་ཕའེ་ཨོ་ཡིས་སོ་སོར་སོ་ཏི་ཨ་རབ་ཀྱི་རྒྱལ་བོ་སཱ་ལེ་མན་དང་། རྒྱལ་རྒྱུད་མུའུ་ཧན་མའོ་ཏི། ཕྱི་འབྲེལ་བློན་ཆེན་ཀྲུའུ་པེད་ཨར་བཅས་དང་གྲོས་མོལ་བྱས། བསྒྲགས་པ་ལྟར་ན། རྒྱལ་རྒྱུད་མུའུ་ཧན་མའོ་ཏི་ཡིས་གྲོས་མོལ་བྱེད་སྐབས་ཕིན་ཕའེ་ཨོ་ལ་རྒྱལ་ཁབ་གཉིས་ཀྱིས་ནམ་རྒྱུན་སྲོལ་རྒྱུན་གྱི་མཛའ་མཐུན་འབྲེལ་བ་སྲུང་འཛིན་བྱས་ཡོད་པ་ནན་བཤད་བྱས་པ་དང་། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཁཱ་ཧྲུའུ་ཅི་གར་སོང་མ་རྙེད་པའི་དོན་རྐྱེན་དེར་དུས་ལྟར་རྟོག་ཞིབ་གསལ་བོ་བྱེད་འདོད་ཡོད་པའི་ཚུལ་བསྟན། 

ཕིན་ཕའེ་ཨོ་ཡིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡི་ངག་བཅོལ་ལྟར་དུ་གར་སོང་མ་རྙེད་པའི་དོན་རྐྱེན་ཐད་ནས་སོ་ཏི་ཨ་རབ་ཀྱི་མགོ་ཁྲིད་པ་དང་གྲོས་མོལ་བྱེད་དུ་ཡོང་བ་རེད། ཐི་ལིང་ཕུའུ་ཡིས་དེའི་སྔོན་བསྟན་དོན། ཁཱ་ཧྲུའུ་ཅི་གཞུང་ཚབ་ཁང་ནང་བསད་པ་བདེན་དཔང་བྱུང་ན་ཨ་མེ་རི་ཁས་སོ་ཏི་ཨ་རབ་ལ་ཆད་གཅོད་ནན་མོ་བྱེད་རྒྱུ་ཡིན་ཟེར། སོ་ཏི་ཨ་རབ་ཀྱིས་བསྟན་དོན། གལ་ཏེ་བཀག་སྡོམ་ཐེབས་ན་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར། 

ཁཱ་ཧྲུའུ་ཅི་ད་ལོ་ལོ་ང་དགུ་ཡིན་པ་དང་། ཝ་ཧྲིན་ཐོན་སྦྲགས་སྲིད་ཚགས་པར་སོགས་སྨྱན་བྱད་མང་བོར་གསར་འགྱུར་འདོན་སྤྲོད་བྱེད་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ་ཁཱ་ཧྲུའུ་ཅི་ཡིས་སོ་ཏི་ཨ་རབ་སྲིད་གཞུང་གི་ཕྱི་ནང་སྲིད་ཇུས་ཐད་ལྟ་ཚུལ་མི་འདྲ་བ་བཟུང་ཡོད་པ་དང་། རིམ་བཞིན་སོ་ཏི་ཨ་རབ་སྲིད་གཞུང་དང་འགལ་ཟླར་གྱུར་བ་རེད། 

བསྒྲགས་པ་ལྟར་ན། ཁཱ་ཧྲུའུ་ཅི་ཟླ་བཅུ་བའི་ཚེས་གཉིས་ཉིན་ཐུར་ཁེའི་དབྱི་སི་ཐན་པོར་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་དུ་སོང་ནས་གཉེན་སྒྲིག་དང་འབྲེལ་བའི་འགྲོ་ལུགས་བསྒྲུབས་པ་རེད། ཁོའི་ཐུར་ཁེའི་འགྲོ་ལུགས་མ་བསྒྲུབ་པའི་ཆུང་མ་བཤད་རྒྱུར། ཁཱ་ཧྲུའུ་ཅི་དབྱི་སི་ཐན་པོར་དུ་ཡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་དུ་སོང་ནས་ཕྱིར་མ་ཡོང་བར་བཤད། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་བལྟས་ན་ཁཱ་ཧྲུའུ་ཅི་གཞུང་ཚབ་ཁང་དེ་ནས་བསད་པར་འདོད་ཀྱང་། སོ་ཏི་ཨ་རབ་སྲིད་གཞུང་གིས་ཁཱ་ཧྲུའུ་ཅི་གཞུང་ཚབ་ཁང་དང་ཁ་བྲལ་ཡོད་པར་འདོད། 

དབྱི་སི་ཐན་པོར་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་གིས་ཚེས་བཅོ་ལྔ་ཉིན་ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་གཞུང་ཚབ་ཁང་ལ་རྟོག་ཞིབ་བྱེད་པར་ཆོག་མཆན་བཀོད། མིག་སྔར་རྟོག་ཞིབ་མཇུག་འབྲས་ད་རུང་ཁྱབ་སྒྲོག་བྱས་མེད། 

སོ་ཏི་ཨ་རབ་ལ་འཚམས་འདྲི་བྱས་རྗེས། ཕིན་ཕའེ་ཨོ་ཡིས་ད་རུང་ཐུར་ཁེ་ལ་འཚམས་འདྲི་བྱས་ཏེ། ཐུར་ཁེ་ཕྱོགས་དང་མཉམ་དུ་དོན་རྐྱེན་དེར་གྲོས་མོལ་བྱེད་རྒྱུ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།